ཁུ་པཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕྱོགས་གཉིས་ཀྱི་ཆབ་སྲིད་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ནན་བཤད་བྱས། 
2019.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཁུ་པཱ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་གཉིས་པ་ཚེས་དགུའི་ཉིན་ཧཱ་ཝ་ནཱ་ནས་སྤེལ། ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་དང་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཞོར་དུ་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མིའི་འགན་ཁུར་མཁན་མའོ་ཀའེ་ལི་ནེ་གཉིས་ཀྱིས་ཁུ་པཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཆབ་སྲིད་གྲོས་མོལ་དང་མཉམ་ལས་གྲོས་མཐུན་དངོས་སུ་ནུས་ལྡན་དུ་གྱུར་ནས་ལོ་ངོ་གཉིས་ཙམ་འགོར་བའི་རིང་གི་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་གང་ལེགས་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས། 

མའོ་ཀའེ་ལི་ནེ་ཡིས་བཤད་རྒྱུར། ཆབ་སྲིད་གྲོས་མོལ་དང་མཉམ་ལས་གྲོས་མཐུན་ནུས་ལྡན་དུ་གྱུར་བའི་ཚུན་ལ། ཡོ་རོབ་གླིང་མནའ་འབྲེལ་དང་ཁུ་པཱ་ཡིས་འགྲོ་མིའི་ཐོབ་ཐང་དང་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས། རྒྱུན་མཐུད་འཕེལ་རྒྱས་སོགས་ཕྱོགས་གཉིས་ཀྱིས་ཐུན་མོང་དོ་སྣང་བྱེད་པའི་གྲོས་གཞིའི་ཐད་ནས་གྲོས་མོལ་བྱས་པ་དང་། མ་འོངས་པར་ད་རུང་ནུས་ཁུངས་དང་ནམ་ཟླའི་འགྱུར་ལྡོག ཁོར་ཡུག རིག་གནས་སོགས་ཁྱབ་ཁོངས་ནས་མཉམ་ལས་སྤེལ་རྒྱུ་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁུ་པཱའི་བར་གྱི་འབྲེལ་བ་སྲ་བརྟན་དུ་གཏོང་བར་སྤྲོ་བ་ཆེན་པོ་ཡོད་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། མ་འོངས་པའི་ལོ་འགའི་ནང་མུ་མཐུད་དུ་མཉམ་ལས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་རེ་བ་ཡོད་ཟེར། 

ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཁུ་པཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ། གཉིས་ཕན་བཅས་ཀྱི་རྨང་གཞིའི་སྟེང་ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གང་ལེགས་གཏོང་དགོས་པ་དང་། མ་འོངས་པའི་ཁུ་པཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྦས་ཤུགས་ཆེན་པོ་ཡོད་ཟེར། 

ཁུ་པཱ་ལ་མ་དངུལ་གཏོང་བའི་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་ཉམས་མྱོང་བཟང་བོ་གང་མང་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་གཞི་རྒྱ་སྔར་ལས་ཆེ་ཞིང་ཕན་ནུས་ལྡན་པའི་བྱེད་ཐབས་ཀྱིས་ཁུ་པཱའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་ཞུགས་པའི་རེ་བ་ཡོད་པ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།