ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཅོར་ཏན་གཙང་བོའི་འགྲམ་བརྒྱུད་དེ་དབྱི་སི་རལ་གྱི་མངའ་ཁོངས་སུ་བསྒྱུར་རྒྱུའི་ཚུལ་བསྟན་པར་ཕཱ་ལེ་སི་ཐན་གྱིས་རྒོལ་གཏམ་དྲག་པོ་བཏང་། 
2019.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུའི་ཉིན་བཤད་རྒྱུར། གལ་ཏེ་ཁོས་མགོ་ཁྲིད་པའི་ལེ་ཁུའུ་ཏི་སྡེ་ཚོགས་ལ་ཟླ་འདིའི་ཚེས་བཅུ་བདུན་ཉིན་སྤེལ་བའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་འགྲམ་བརྒྱུད་དེ་རང་གི་མངའ་ཁོངས་སུ་བྱེད་རྒྱུ་ཡིན་ཟེར། ཁོའི་བསམ་ཚུལ་དེར་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། གལ་ཏེ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ན། ཁོས་ཅོར་ཏན་གཙང་བོའི་འགྲམ་བརྒྱུད་དང་དེའི་བྱང་ངོས་ས་ཁུལ་དབྱི་སི་རལ་གྱི་མངའ་ཁོངས་སུ་བྱེད་རྒྱུ་ཡིན་པ་དང་། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བྱ་སྤྱོད་ཅིག་ཡིན་ཟེར། ཁོས་བསྟན་དོན། ཅོར་ཏན་གཙང་བོའི་འགྲམ་བརྒྱུད་རང་གི་མངའ་ཁོངས་སུ་བྱེད་པ་དེ་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་སྔར་ལས་ཁྱབ་རྒྱ་ཆེ་བའི་བདག་དབང་ལག་བསྟར་བྱེད་པའི་གོམ་པ་དང་པོ་ཡིན་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གོང་གི་གཏམ་བཤད་དེ་སྤེལ་རྗེས། ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་གསལ་སྒྲོག་སྤེལ་ཏེ། ནེ་ཐཱ་ནི་ཡཱ་ཧུའུ་ནི་ཞི་བདེའི་འཕེལ་རིམ་གྱི་གཏོར་བརླག་མཁན་རེད་ཟེར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་བཤད་རྒྱུར། གལ་ཏེ་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དེ་ལྟར་བྱས་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གྲོས་མཐུན་ཚང་མ་རྩིས་མེད་དུ་འགྲོ་ངེས་ཡིན་ཟེར། 

ཅོར་ཏན་གཙང་བོའི་འགྲམ་བརྒྱུད་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་སུམ་ཆའི་གཅིག་ཙམ་ཟིན་ཡོད། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་ཐེངས་གསུམ་པའི་དབུས་ཤར་འཐབ་འཁྲུག་སྐབས་སུ་ཅོར་ཏན་གཙང་བོའི་ནུབ་འགྲམ་བཙན་བཟུང་བྱས་པ་དང་། དེའི་རྗེས་སུ་གནས་དེར་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གསར་འཛུགས་བྱས། དབྱི་སི་རལ་དཔོན་རིགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་བར། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་མི་གྲངས་འབུམ་བཞི་དང་ཁྲི་བཞི་སྟོང་བརྒྱད་ལ་བསླེབ་ཡོད། 

དབྱི་སི་རལ་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དཔོན་རིགས་ཀྱིས་སྔ་སྣུར་གྱིས་ཨ་མེ་རི་ཁའི་ཕོ་བྲང་དཀར་པོར་ནེ་ཐཱ་ནི་ཡཱ་ཧུའུ་ཡི་གཏམ་བཤད་ནང་དོན་སྙན་ཞུ་བྱས་ཡོད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གོང་གི་གཏམ་བརྗོད་དེ་འདྲ་སྤེལ་བའི་དམིགས་ཡུལ་ནི་རང་ཉིད་དང་ལེ་ཁུའུ་ཏི་སྡེ་ཚོགས་ལ་འདེམ་ཤོག་མང་བོ་འགུག་པ་དང་། རྒྱལ་ནང་གི་གཡས་ཕྱོགས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་ཆེད་ཡིན་པར་འདོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།