ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས། 
2019.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་སྐབས་ཉེར་གཉིས་པ་ཚེས་བཅུ་ཉིན་ཐེ་གོའི་རྒྱལ་ས་མན་ཀུའུ་ནས་སྤེལ། གྲོས་ཚོགས་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས་པ་དང་། ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་ལ་ཤུགས་སྣོན་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། ད་ལོར་ས་ཁོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་བྱ་བ་ཡོངས་འགྲུབ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་ཁས་ལེན་བྱས། 

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཕྱོགས་མང་རིང་ལུགས་དང་ས་ཁོངས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དེ་འཛམ་གླིང་ཡོངས་དང་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

གསལ་སྒྲོག་ལས་བསྟན་དོན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་དུ་བཏང་བའི་ཐད་ཀར་དངུལ་གཏོང་དེ་ཉིས་སྟོང་བཅོ་བརྒྱད་ལོར་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བདུན་དུང་ཕྱུར་དགུར་བསླེབས་ཡོད་ཅིང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྤྱིའི་ཐད་ཀར་དངུལ་གཏོང་གི་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་ལྔ་ཟིན་ཡོད་ལ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་དགུ་འཕར་ཡོད་ཟེར། གསལ་སྒྲོག་ལས་བལྟས་ན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། ཧན་གོ། འཇར་པན་བཅས་ཀྱི་ཉོ་ཚོང་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད་ཀྱང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྤྱིའི་འཕར་ཚད་ཇེ་དལ་དུ་སོང་ཡོད་ལ། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་སྣང་ཚུལ་དང་འཛམ་གླིང་ཡོངས་ཅན་ལ་རྒོལ་བའི་སྣང་ཚུལ་གྱིས་ཕྱོགས་མང་ཉོ་ཚོང་མ་ལག་ལ་གནོད་པ་ཐེབས་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་ལྷགས་པའི་ཉེན་ཁ་དང་གཏན་འཇགས་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པར་འདོད། 

གྲོས་ཚོགས་ལ་ཞུགས་པའི་པུའུ་ཀྲང་དག་གིས་བསྐྱར་སྒྲོག་བྱས་དོན། སྒོ་འབྱེད་དང་བཟོད་སྒོམ། མངོན་གསལ། མཐོང་ཆུང་རང་བཞིན་མེད་པ། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། པུའུ་ཀྲང་ཚོས་ས་ཁོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་བྱ་བའི་སྐུལ་འདེད་གནས་ཚུལ་ལ་གཟེངས་བསྟོད་བྱས་པ་དང་། ད་ལོར་གྲོས་མོལ་བྱ་བ་ཡོངས་འགྲུབ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། དེང་རབས་དང་ཡོངས་ཁྱབ། སྤུས་ལེགས། གཉིས་ཕན་བཅས་གྲོས་ཆོད་ཅིག་གསར་སྐྲུན་བྱེད་དགོས་པའི་ཚུལ་བསྟན། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།