​ཐུར་ཁེ་ཡིས་བཀའ་རྒྱ་བཏང་སྟེ་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ལ་འབྲེལ་བ་ཡོད་པའི་དམག་མི་དོན་བཞི་འཛིན་བཟུང་བྱས།
2019.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཐུར་ཁེའི་དབྱི་སི་ཐན་པོར་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་ཚེས་ཉི་ཤུའི་ཉིན་བཀའ་རྒྱ་བཏང་སྟེ། རྒྱལ་ཡོངས་ནས་ཉིས་སྟོང་བཅུ་དྲུག་ལོའི་ལེགས་འགྲུབ་མ་བྱུང་བའི་དམག་དོན་སྲིད་འགྱུར་ལ་འབྲེལ་བ་ཡོད་པའི་དམག་དཔུང་གི་དམག་མི་དོན་བཞི་འཛིན་བཟུང་བྱས། 

ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ད་ལྟ་དམག་དཔུང་ནང་ཡོད་པའི་དམག་མི་དེ་དག་གིས་སྤྱི་སྤྱོད་ཁ་པར་བཀོལ་ནས་ཨ་མེ་རི་ཁར་སྡོད་པའི་ཐུར་ཁེའི་ཆོས་ལུགས་མི་སྣ་ཅུའུ་ལོན་གྱིས་མགོ་ཁྲིད་པའི་ཅུའུ་ལོན་འགུལ་སྐྱོད་ལ་འབྲེལ་གཏུག་བྱས་པར་སྐྱོན་འཛུགས་བྱས། ཞིབ་དཔྱོད་སྡེ་ཁག་གིས་ཁྱབ་སྒྲོག་བྱས་པའི་འཛིན་བཟུང་བཀའ་རྒྱ་ལྟར། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ཡོངས་ཀྱི་ཞིང་ཆེན་སུམ་ཅུ་ནས་དུས་མཉམ་དུ་འཛིན་བཟུང་འགུལ་སྐྱོད་སྤེལ་བ་རེད། བསྒྲགས་པའི་གནས་ཚུལ་ལས་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བའི་མི་གྲངས་གསལ་བོར་གླེང་མེད། 

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པར། ཐུར་ཁེ་ནས་ལེགས་འགྲུབ་མ་བྱུང་བའི་དམག་དོན་སྲིད་འགྱུར་བྱུང་སྟེ། མི་ཉིས་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་ཤོར། ཐུར་ཁེའི་སྲིད་གཞུང་གིས་ཅུའུ་ལོན་འགུལ་སྐྱོད་ནི་ལྟག་རྒྱབ་ཀྱི་ཇུས་འདོན་མཁན་གཙོ་བོ་ཡིན་པར་སྐྱོན་འཛུགས་བྱས་པར་མ་ཟད། རྩ་འཛུགས་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག ཐུར་ཁེའི་ནང་སྲིད་པུའུ་ཡི་གཞི་གྲངས་ལྟར་ན། སྲིད་འགྱུར་བྱུང་རྗེས་སྤེལ་བའི་ལས་འགུལ་ལས་ད་ལྟའི་བར་ལེགས་འགྲུབ་མ་བྱུང་བའི་དམག་དོན་སྲིད་འགྱུར་ལ་འབྲེལ་བ་ཡོད་པའི་མི་འབུམ་ལྔ་ལྷག་འཛིན་བཟུང་བྱས་ཡོད་པ་རེད།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།