​རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧི་ཐེ་ཏཱ་ནས་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་འགས་གཏོར་བཏང་།
2019.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉི་ཤུའི་ཉིན་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མཚོ་དམར་འགྲམ་གྱི་ཧི་ཐེ་ཏཱ་གྲོང་ཁྱེར་གྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། མིག་སྔར་ད་རུང་མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་བསྒྲགས་མེད། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་ཚེས་ཉི་ཤུའི་ཉིན་སོ་ཏི་ཨ་རབ་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་བ་དང་། མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེའི་ཞོགས་པར་ཧུའུ་སེ་དྲག་ཆས་པའི་ཧི་ཐེ་ཏཱའི་བྱང་ཕྱོགས་ཀྱི་རྒྱང་བསྒྱུར་གྲུ་གཟིངས་དང་ཆུ་འོག་འགད་རྫས་སྒྲིག་སྦྱོར་བྱེད་སར་བཀོལ་བའི་གནས་བཞིར་བར་སྣང་འཇབ་རྒོལ་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་གྲུ་གཟིངས་དང་ཆུ་འོག་འགད་རྫས་དེ་དག་འཇིགས་སྐུལ་དོན་རྐྱེན་བཟོ་བའི་ཐད་བཀོལ་བཞིན་ཡོད་པ་དང་། མཚོ་དམར་མཚོ་ཁོངས་ཀྱི་འགྲུལ་ལམ་དང་ཉོ་ཚོང་བདེ་འཇགས་ལ་འཇིགས་ཉེན་ཐེབས་ཡོད་ཟེར། 

ཧུའུ་སེ་དྲག་ཆས་པས་ཉིན་དེར་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། བར་སྣང་འཇབ་རྒོལ་དེ་ཧི་ཐེ་ཏཱའི་འཁྲུག་རྩོད་མཚམས་འཇོག་པའི་འབྲེལ་ཡོད་གྲོས་མཐུན་དང་འགལ་ཡོད་པ་དང་། ཧུའུ་སེ་དྲག་ཆས་པས་དམག་དོན་གནས་བབ་ཛ་དྲག་ཏུ་འགྱུར་བའི་སྣང་ཚུལ་གང་རུང་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བྱས་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།