ཁྲའོ་ཞན་དཔོན་རིགས་ཀྱིས་སྣེ་ལེན་ཚོགས་འདུ་བསྡུས་ཏེ་ཁྲའོ་ཞན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 
2019.10.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 77

ཟླ་བཅུ་བའི་ཚེས་དྲུག་ཉིན། ཁྲའོ་ཞན་ཕེན་རང་མི་དམངས་རིག་གནས་ཕོ་བྲང་ནས། ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐེ་ཧིན་ཁྲི་ཡིས་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་འབུལ་བཞིན་པ། 

ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་སྐབས་སུ། ཁྲའོ་ཞན་གྱི་ཕྱི་ཕྱོགས་རིག་གནས་འབྲེལ་གཏུག་ཨུ་ཡོན་ལྷན་ཁང་དང་ཁྲའོ་ཞན་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱིས་ཚེས་དྲུག་ཉིན་གྱི་དགོང་མོར་ཕེན་རང་མི་དམངས་རིག་གནས་ཕོ་བྲང་ནས་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཁྲའོ་ཞན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 

ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐེ་ཧིན་ཁྲི་དང་ཁྲའོ་ཞན་གྱི་ཏང་སྲིད་དམག་གསུམ་གྱི་ལས་བྱེད་པ། ཁྲའོ་ཞན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ཅིན་ཅོན་དང་གཞུང་ཚབ་ཁང་གི་འབྲེལ་ཡོད་མི་སྣ། ཀྲུང་གོའི་དངུལ་གཏོང་ལས་ཁུངས་དང་ཕྱི་འགྲིམ་སློབ་མའི་འཐུས་མི་སོགས་མི་བརྒྱ་ལྷག་སྣེ་ལེན་ཚོགས་འདུར་ཞུགས། 

ཐེ་ཧིན་ཁྲི་ཡིས་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ། གཅིག་སྟོང་དགུ་བརྒྱ་ཞེ་དགུ་ལོའི་ཟླ་བཅུ་བའི་ཚེས་དྲུག་ཉིན། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་ཕྱི་ཕྱོགས་འབྲེལ་བ་བཙུགས། དེ་ཁྲའོ་ཞན་དང་ཀྲུང་གོའི་མི་དམངས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཤིག་ཏུ་གྱུར་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཛའ་བཤེས་ལ་ཤུགས་སྣོན་དང་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། ལོ་ངོ་བདུན་ཅུའི་རིང་ལ། ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་སོ་སོ་ནས་ཕན་ཚུན་རྒྱབ་སྐྱོར་དང་སྐུལ་མ་བཏང་ཡོད་ལ། འགྲོ་འོང་དང་མཉམ་ལས་འབྲེལ་བ་ཟབ་མོ་སྲུང་འཛིན་བྱས་ཡོད། 

ཁོས་བཤད་རྒྱུར། བློ་བརྟན་འགྱུར་མེད་ཀྱིས་མུ་མཐུད་དུ་ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ་ནི་ཁྲའོ་ཞན་ཏང་དང་སྲིད་གཞུང་གི་ནམ་རྒྱུན་གྱི་ལངས་ཕྱོགས་ཡིན། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོའི་བར་ལག་རྡང་མཉམ་འབྲེལ་གྱིས་ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འོད་སྟོང་འབར་བའི་མ་འོངས་པ་གསར་སྐྲུན་བྱེད་པར་འབད་འབུངས་གང་ལེགས་བྱེད་འདོད་ཡོད་ཟེར། 

ད་ལོའི་ཟླ་བཅུ་བའི་ཚེས་དྲུག་ཉིན་ནི་ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་རྗེས་དྲན་ཉིན་མོ་ཡིན། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་ཡུན་རིང་བོར་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།