​ཨུ་རུ་སིའི་ཙུང་ཐུང་གིས་གྲོས་ཚོགས་བསྡུས་ཏེ་སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
2019.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བརྒྱད་ཉིན་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་བདེ་འཇགས་གྲོས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་རྣམས་བསྡུས་ནས་སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བརྒྱད་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། གྲོས་ཚོགས་ནས་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཛ་དྲག་གི་གནས་བབ་དང་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བྱེད་སྒོ་སྤེལ་བ་སོགས་ལ་གྲོས་བསྡུར་བྱས། གསལ་སྒྲོག་ལས་བཤད་རྒྱུར། མིག་སྔའི་ལས་འགན་གཙོ་བོ་ནི་ཞི་བའི་སྒོ་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་བྱ་སྤྱོད་གང་རུང་སྔོན་འགོག་བྱེད་རྒྱུ་དེ་ཡིན་ཟེར། 

ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་དང་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་བོ་ལོ་ཅིན། ཙུང་ཐུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཝ་དབྱེ་ནོའུ། རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕཱ་ཐི་ལུའུ་ཧྲི་ཧྥུའུ་སོགས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་ད་རུང་ཨུ་རུ་སིའི་རྒྱལ་ནང་གི་གནད་དོན་ལ་གྲོས་བསྡུར་བྱས། 

གཞན་ཡང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་དྲ་ཐོག་ཏུ་སྤེལ་བའི་གསལ་སྒྲོག་ལྟར་ན། ཉིན་དེའི་སྔ་དྲོར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གདན་ཞུས་ལྟར་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་གནད་དོན་གྱི་ཐག་གཅོད་འཕེལ་རིམ་ལ་གྲོས་བསྡུར་ཞིབ་ཏུ་བྱས་པར་མ་ཟད། སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་གནས་བབ་དམིགས་སུ་བཀར་ནས་གྲོས་བསྡུར་བྱས་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།