དབྱི་རག་གི་ཙུང་ཐུང་གིས་རྒྱལ་ཡོངས་གྲོས་མོལ་སྤེལ་ཏེ་ངོ་རྒོལ་བྱ་འགུལ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
2019.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བདུན་ཉིན་རྔམ་སྟོན་ཁྲོམ་སྐོར་མཁན་གྱི་བར་རྒྱལ་ཡོངས་ཀྱི་བཟོད་སྒོམ་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཏེ། ངོ་རྒོལ་བྱ་འགུལ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

སཱ་ལེ་ཧི་ཡིས་ཉིན་དེར་རྒྱལ་ཡོངས་ཀྱི་མང་ཚོགས་ལ་གཏམ་བཤད་སྤེལ་ཏེ། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འཛུགས་སྐྲུན་རང་བཞིན་ལྡན་ལ་ལྷག་བསམ་རྣམ་པར་དག་པའི་གྲོས་མོལ་ལ་ཞུགས་ཏེ། མང་ཚོགས་ལ་བཅོས་བསྒྱུར་འཕེལ་རིམ་སྙན་ཞུ་བྱེད་པར་འགན་སྲུང་བྱས་ནས། གྲོང་ཁྱེར་སོ་སོའི་ན་གཞོན་དག་དང་ཐད་ཀར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་རང་ཚོད་བཟུང་ནས་ངོ་རྒོལ་བྱ་འགུལ་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་འགོག་རྒོལ་བྱེད་དགོས་པའི་སྐུལ་མ་བཏང་། 

སཱ་ལེ་ཧི་ཡིས་བསྟན་དོན། དབྱི་རག་གིས་མང་ཚོགས་ཀྱི་ཁེ་དབང་དང་རང་དབང་། རྩ་ཁྲིམས་བཅས་ལ་བརྩི་འཇོག་བྱེད་ཅིང་། ཞི་བའི་ཁྲོམ་སྐོར་མཁན་དང་བདེ་འཇགས་དམག་དཔུང་། སྨྱན་བྱད་ཀྱི་བྱ་བ་བྱེད་མཁན་བཅས་ལ་དམིགས་པའི་འཇབ་རྒོལ་གང་ཡིན་ཡང་དང་ལེན་བྱེད་མི་སྲིད་ཟེར། ཁོས་འདས་པའི་ཉིན་འགའི་ནང་བྱུང་བའི་དྲག་ཤུགས་འཁྲུག་རྩོད་ལ་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན། 

ཉིན་དེར་དབྱི་རག་སྲིད་གཞུང་གིས་བཅོས་བསྒྱུར་ཇུས་གཞི་རབ་དང་རིམ་པར་ཆོག་མཆན་བཀོད་ཡོད། དེའི་ནང་ཡོང་འབབ་དམའ་བའི་མང་ཚོགས་ལ་ཁ་གསབ་སྡོད་ཁང་སྟོང་ཕྲག་འགའ་གསར་དུ་ལས་པ་དང་། ལས་ཤོར་མཁན་ལ་ཁ་གསབ་རོགས་དངུལ་སྟེར་བ། ན་གཞོན་དག་ལ་གསོ་སྦྱོང་དང་དངུལ་བུན་འདོན་སྤྲོད་བྱེད་པ་སོགས་འདུས། 

སཱ་ལེ་ཧི་ཡིས་བཤད་རྒྱུར། ཁོས་སྲིད་གཞུང་གི་རྨང་གཞིའི་རང་བཞིན་གྱི་པུའུ་ཨུའི་བཅོས་སྒྲིག་ལས་སྲིད་གཞུང་གི་ཞབས་ཞུ་ལེགས་བཅོས་དང་སྲིད་གཞུང་གི་རྐྱེན་སྲོལ་ལ་སྐུལ་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།