ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པར་དམག་དོན་ཆམ་ཕབ་བཏང་། 
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59


ཟླ་བཅུ་བའི་ཚེས་དགུ་ཉིན། ཐུར་ཁེའི་དྲག་ཆས་དམག་དཔུང་གིས་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་ནས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་སོགས་དྲག་ཆས་པར་དམག་དོན་འགུལ་སྐྱོད་སྤེལ། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་དགུ་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེའི་དྲག་ཆས་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཐུར་ཁེའི་དྲག་ཆས་དམག་དཔུང་དང་སི་རི་ཡཱའི་རྒྱལ་དམངས་དམག་དཔུང་གིས་མཉམ་དུ་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པ་དང་སི་རི་ཡཱི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་། དེ་མིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བཅས་ལ་ཆམ་ཕབ་གཏོང་བཞིན་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། འགུལ་སྐྱོད་དེའི་དམིགས་ཡུལ་ནི་ཐུར་ཁེའི་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་ཀྱིས་བདག་ཏུ་བཟུང་བའི་ས་ཁུལ་ཆགས་པར་སྔོན་འགོག་བྱས་ཏེ། ས་ཁུལ་དེར་ཞི་བདེ་སྐྲུན་པའི་ཆེད་དུ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། ས་དེའི་མང་ཚོགས་དག་འཇིགས་སྐུལ་རིང་ལུགས་ཀྱི་ལག་ནས་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། ཐུར་ཁེ་ཕྱོགས་ཀྱིས་དམག་དོན་འགུལ་སྐྱོད་ལས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ཀྱི་ཐུན་མོང་གི་འབད་བརྩོན་ལ་གནོད་པ་གཏོང་མི་རུང་བའི་འབོད་སྐུལ་བཏང་། ཕུའུ་ཅིན་གྱིས་བཤད་རྒྱུར། སི་རི་ཡཱའི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བ། སི་རི་ཡཱའི་བདག་དབང་ལ་བརྩི་འཇོག་བྱེད་པ་བཅས་ལ་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།