དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཉིས་བསད། 
2019.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

དབྱི་རག་དམག་ཕྱོགས་ཀྱིས་ཚེས་དགུའི་ཉིན་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དང་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་ནས་སོ་སོར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་ལྷག་འཕྲོར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་བཅུ་གཉིས་བསད་ཟེར། 

དབྱི་རག་དམག་ཕྱོགས་ཀྱིས་གསལ་སྒྲོག་སྤེལ་ཏེ། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐིས་ཁི་ལི་ཐིའི་ནུབ་བྱང་ཕྱོགས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་ཞིག་ལ་གློ་བུར་དུ་འཇབ་རྒོལ་བྱས་པ་དང་། འཁྲུག་རྩོད་བྱེད་སྐབས་དྲག་ཆས་ཉེས་ཅན་བཅུ་བསད་ཡོད་ལ། དབྱི་རག་བདེ་འཇགས་དམག་དཔུང་གི་མི་གཅིག་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

དེ་ལས་གཞན་ཏིས་ཡཱ་ལཱ་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སཱ་ཏིས་ཁི་ཧི་སེ་ཡུན་གྱིས་གསར་འགོད་པར་བསྟན་དོན། དབྱི་རག་དམག་ཕྱོགས་ཀྱིས་ཉིན་དེར་ཡང་དག་པའི་གསང་འཕྲིན་གཞིར་བཟུང་ནས་ཞིང་ཆེན་དེ་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་འབྲེལ་མཚམས་སུ་ཡོད་པའི་རི་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་ཞིག་གཏོར་བ་དང་། དྲག་ཆས་ཉེས་ཅན་གཉིས་བསད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།