ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བར་གྲོས་འཆམ་བྱུང་། 
2019.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

དབྱིན་ཇི་མ་གཏོགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་ཉིན་གྱི་མགོ་ཁྲིད་པས་ཚེས་བཅུ་བདུན་ཉིན་གྲོས་ཆོད་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་དབྱིན་ཇིའི་སྲིད་གཞུང་བར་བཀོད་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཀྱི་མགོ་ཁྲིད་པས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོ་ནས་བཟུང་པུའུ་ལུའུ་སེར་ནས་དུས་ཡུན་ཉིན་གཉིས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྤེལ་མགོ་བརྩམས། དབྱིན་ཇི་མ་གཏོགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པས་མཐོ་རིམ་གྲོས་ཚོགས་སྟེང་གོང་གི་གྲོས་མཐུན་དེ་བཀོད་པ་རེད། གྲོས་ཆོད་ལས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་གྲོས་ཁང་། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་བཅས་ཀྱིས་གྲོས་མཐུན་དེ་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནུས་ལྡན་དུ་འགྱུར་བར་འགན་སྲུང་བྱེད་ཆེད་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་པའི་རེ་བ་བཏོན་ཡོད། 

དཀའ་སྤྱད་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་དབྱིན་ཇིའི་སྲིད་གཞུང་བར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བར་གྲོས་འཆམ་བྱུང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་བསྟན་དོན། གྲོས་མཐུན་གསར་བ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཕྱོགས་གཉིས་ལ་མཚོན་ན་འདྲ་མཉམ་གྱི་གྲོས་མཐུན་ཞིག་རེད་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེ་བདུན་གྱི་མགོ་ཁྲིད་པའི་ཁས་ལེན་ཐོབ་རྗེས། གྲོས་མཐུན་དེར་ངེས་པར་དུ་ཡོ་རོབ་གླིང་གྲོས་ཁང་དང་དབྱིན་ཇིའི་གྲོས་ཁང་གི་ཆོག་མཆན་བཀོད་རྗེས་ད་གཟོད་ནུས་ལྡན་དུ་འགྱུར་སྲིད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།