ཨུ་རུ་སི་དང་དབྱི་ལིང་གིས་སི་རི་ཡཱའི་གནད་དོན་གྱི་འབྲེལ་ཡོད་གྲོས་མོལ་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
2019.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དུས་བཅད་ལྟར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲི་ལི་ཧྥུའུ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་སི་རི་ཡཱ་དང་ཐུར་ཁེ། སི་རི་ཡཱའི་སྲིད་གཞུང་དང་སི་རི་ཡཱའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་བའི་འཐུས་མིས་གྲོས་མོལ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན། 

གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་གྲོས་མོལ་བྱེད་སྐབས་སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་གྲོས་མོལ་བྱེད་པའི་ཐབས་ཀྱིས་སི་རི་ཡཱའི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་འགྲམ་གྱི་གནས་བབ་ལ་སྐུལ་འདེད་བཏང་སྟེ། དུས་ཡུན་རིང་བོའི་གཏན་འཇགས་ཡོང་དུ་འཇུག་དགོས་པའི་ཚུལ་བསྟན། ཨུ་རུ་སི་དང་དབྱི་ལིང་གིས་སི་རི་ཡཱའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་སོ་སོའི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བསམ་འཆར་བརྗེ་རེས་བྱེད་པ་དང་ཨ་སི་ཐཱ་ནཱའི་འཕེལ་རིམ་གྱི་ཁག་ཐེག་རྒྱལ་ཁབ་གསུམ་གྱི་འགུལ་སྐྱོད་ལ་མཐུན་སྦྱོར་བྱས་ཤིང་། སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། དེའི་ནང་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བ་སྤེལ་བར་གྲ་སྒྲིག་བྱེད་པ་སོགས་འདུས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།