​ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ་མི་རེ་གཉིས་རྐྱེན་ལམ་དུ་ཤོར།
2019.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅོ་བརྒྱུད་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཉིན་དེར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར། 

མིང་བཤད་མི་འདོད་པའི་ས་གནས་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཉིན་གུང་ལ་བྱུང་ཞིང་། སྒྱོགས་མདེལ་གཉིས་ཀྱིས་ཧཱ་སི་ཁཱ་མུས་ནཱ་ས་ཁུལ་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཕོག་སྟེ། དབྱི་སི་ལན་ཆོས་ཁང་གི་ཁང་ཀླད་རྡིབས། ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

དཔོན་པོ་དེས་ད་རུང་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་མི་དྲུག་ཅུ་ལྷག་ལ་རྨས་ཕོག་པ་དང་། རྨས་མ་མང་ཆེ་བ་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། རྨས་སྐྱོན་ཚབས་ཆེན་ཡིན་པའི་རྨས་མ་སྐོར་ཞིག་ནན་ཀི་ཧཱ་ཨར་ཞིང་ཆེན་ལྟེ་གནས་ཀྱི་ཅཱ་ལཱ་ལཱ་པཱ་ཏི་གྲོང་ཁྱེར་གྱི་སྨན་ཁང་དུ་བསྐྱལ་ཡོད། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད།
གཞན་ཡང་ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་ལས་མིག་སྔར་མི་རེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་སོ་དྲུག་གིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།