མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་གྱི་དབྱི་སི་ལན་ཆོས་ཁང་ལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་བཏང་།
2019.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེར་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་། 

ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཏི་ཡཱ་ལི་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འཇབ་རྒོལ་མཁན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས་པར་བསམ་ཡོད། ཀུའུ་ཐི་ལོས་སི་ཡིས་འདས་པོའི་ཁྱིམ་མི་དང་ཨ་ཧྥུའུ་ཧན་སྲིད་གཞུང་། མི་དམངས་བཅས་ལ་འཚམས་འདྲི་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ནམ་ཡང་ཨ་ཧྥུའུ་ཧན་སྲིད་གཞུང་དང་མི་དམངས་ཀྱི་ཕྱོགས་སུ་ལངས་སྲིད་པ་བསྐྱར་སྒྲོག་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོན་མནའ་འབྲེལ་གྱི་མཐོ་རིམ་འཐུས་མི་མའོ་ལཱ་ཏིས་ནོའུ་སི་ཡིས་ཚེས་བཅོ་བརྒྱད་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། མའོ་ལཱ་ཏིས་ནོའུ་སི་ཡིས་ནན་གྱིས་བསྟན་དོན། ཆོས་ལུགས་སྤེལ་ས་དང་དད་ལྡན་མང་ཚོགས་ལ་དམིགས་པའི་རྣམ་པ་གང་རུང་གི་དྲག་ཤུགས་དང་འཇིགས་སྐུལ་བྱ་འགུལ་ཚང་མ་དང་ལེན་བྱེད་ཐབས་མེད་ཟེར། ཁོས་རྒྱལ་ཁབ་སོ་སོས་ནུས་ལྡན་བྱེད་ཐབས་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་སར་སྲུང་སྐྱོབ་བྱེད་པའི་སྐོར་གྱི་འགུལ་སྐྱོད་འཆར་གཞི་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།