མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ཕུའུ་ལུའུ་སི་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཞི་བདེ་སྲུང་སྐྱོབ་ཀྱི་ཉེན་རྟོག་པ་ཉེར་གཅིག་ལ་བྱས་རྗེས་རྟགས་མ་བྱིན།
2019.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ཕུའུ་ལུའུ་སི་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་ཉེན་རྟོག་དམག་དཔུང་གི་འགན་ཁུར་བ་ཧྲི་ཕའེ་ཧཱ་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་སེ་ཕུའུ་ལུའུ་སིའི་རྒྱལ་ས་ནེ་ཁི་ཞི་ཡཱའི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་ནས་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་ཉེན་རྟོག་པ་གཉིས་དང་བཅས་པའི་ཞི་བདེ་སྲུང་སྐྱོབ་ཉེན་རྟོག་པ་ཉེར་གཅིག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཀྱི་བྱས་རྗེས་རྟགས་མ་བྱིན། 

ཧྲི་ཕའེ་ཧཱ་ཨར་གྱིས་བྱས་རྗེས་རྟགས་མ་སྟེར་བའི་མཛད་སྒོའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ཕུའུ་ལུའུ་སི་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་ཉེན་རྟོག་དམག་དཔུང་གིས་སེ་ཕུའུ་ལུའུ་སིའི་ཞི་བདེ་དང་གཏན་འཇགས་ཀྱི་ཐད་འབད་བརྩོན་བྱས་ཡོད་ཟེར། ཁོ་མོས་ཞི་བདེ་སྲུང་སྐྱོབ་ཉེན་རྟོག་པའི་འགན་འཁྲི་ནན་སྲུང་བྱེད་པའི་བྱ་སྤྱོད་བཟང་བོར་གཟེངས་བསྟོད་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ཕུའུ་ལུའུ་སི་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་ཉེན་རྟོག་དམག་དཔུང་དེ་གཅིག་སྟོང་དགུ་བརྒྱ་རེ་བཞིའི་ལོར་བཙུགས་པ་དང་། སྐབས་ཐོག་དེའི་ལས་འགན་ནི་སེ་ཕུའུ་ལུའུ་སིའི་ཞི་ལཱ་རིགས་དང་ཐུར་ཁེ་རིགས་བར་ཡང་བསྐྱར་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་པའི་ཆེད་ཡིན། གཅིག་སྟོང་དགུ་བརྒྱ་དོན་བཞི་ལོའི་རྗེས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ཕུའུ་ལུའུ་སི་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་ཉེན་རྟོག་དམག་དཔུང་གི་འགན་འཁྲིའི་ཁྱབ་ཁོངས་ཇེ་ཆེར་སོང་བ་དང་། མིག་སྔར་འཁྲུག་རྩོད་མཚམས་འཇོག་པར་ལྟ་རྟོག་དང་འཁྲུག་རྩོད་ཞི་འཇགས་ས་ཁུལ་ལ་སྲུང་སྐྱོབ། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་སོགས་ཀྱི་འགན་ཁུར་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།