སི་རི་ཡཱའི་ཁུའུ་ཨར་ཏིའི་མི་སྟོང་གཅིག་དང་བདུན་བརྒྱ་ཙམ་འཐབ་འཁྲུག་ལ་གཞོལ་ཆེད་དབྱི་རག་ཏུ་བྲོས་བྱོལ་བྱས།
2019.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གི་མགྲིན་ཚབ་པ་མཱ་ཧི་ཆི་ཆི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཐུར་ཁེ་ཡིས་ཟླ་འདིའི་ཚེས་དགུའི་ཉིན་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། སི་རི་ཡཱའི་ཁུའུ་ཨར་ཏིའི་མི་སྟོང་གཅིག་དང་བདུན་བརྒྱ་ཙམ་འཐབ་འཁྲུག་ལ་གཞོལ་ཆེད་ཁྱིམ་མཚེས་རྒྱལ་ཁབ་དབྱི་རག་ཏུ་བྲོས་བྱོལ་བྱས་ཡོད་ཟེར། 

མཱ་ཧི་ཆི་ཆི་ཡིས་བཤད་རྒྱུར། ཡུལ་གྱར་བའི་ལས་དོན་ཁང་གིས་བསྟུད་མར་ཉིན་འགའི་རིང་ལ་དབྱི་རག་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་ནས་སི་རི་ཡཱའི་ཁུའུ་ཨར་ཏིའི་མི་བརྒྱ་ཕྲག་མང་བོ་དང་ལེན་བྱས་པ་དང་། ཁོ་ཚོ་མཐའ་མཚམས་ས་ཁུལ་ཤར་ངོས་ཀྱི་སྤྱི་ལེ་བརྒྱ་དང་ལྔ་བཅུའི་མཚམས་སུ་ཡོད་པའི་ཡུལ་གྱར་བའི་སྒར་སར་བསྐྱལ་ཡོད། ཡུལ་གྱར་བ་དེ་དག་མང་ཆེ་བ་ནི་བུད་མེད་དང་བྱིས་པ། རྒན་པ་བཅས་ཡིན་ལ། སྐྱེས་པ་དར་མ་མང་བོ་མེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་དོན། ཐུར་ཁེའི་དམག་དཔུང་གིས་ཐེངས་འདིའི་འཐབ་འཁྲུག་སྤེལ་བའི་ཚུན་ལ། སི་རི་ཡཱའི་མི་འབུམ་གཅིག་དང་ཁྲི་བདུན་ཙམ་རང་གི་ཁྱིམ་གཞིས་དང་བྲལ་ཡོད་ཟེར། དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱུར། སི་རི་ཡཱའི་མི་འབུམ་གསུམ་ལྷག་ཉེ་སྔོན་གསར་དུ་བྱུང་བའི་འཐབ་འཁྲུག་དབང་གིས་རང་གི་གཞིས་ཁྱིམ་དང་མི་འབྲལ་ཐབས་མེད་བྱུང་ཡོད་ཟེར། 

འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་ལས་ཁུངས་དེས་ཟས་རིགས་རོགས་སྐྱོར་འཆར་གཞིར་ལེགས་སྒྲིག་བྱས་ཡོད་ཅིང་། མི་འབུམ་ལྔ་ལ་འདོན་སྤྲོད་བྱེད་ཐུབ་པའི་ཟས་རིགས་གསོག་འཇོག་བྱས་ཡོད་ཟེར། སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་ད་ལྟ་ཧ་ལམ་མི་ས་ཡ་གཉིས་ཙམ་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།