​ཨུ་རུ་སི་ནས་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གསུམ་གར་སོང་རྙེད་མེད།
2019.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཅུ་བའི་ཚེས་བཅུ་དགུའི་ཉིན། ཨུ་རུ་སིའི་ཁི་ལཱ་སི་ནོའུ་ཡཱ་ཨར་སི་ཁི་ས་ཁུལ་དུ། ཆུ་རགས་ཤིག་ལ་རྡིབ་སྐྱོན་བྱུང་སྟེ་ཉེ་འདབས་ཀྱི་གསེར་གཏེར་ཞིག་ཆུས་བསྣུབས། 

ཨུ་རུ་སིའི་ལཱ་སི་ནོའུ་ཡཱ་ཨར་སི་ཁི་ས་ཁུལ་མཐའ་མཚམས་ཀྱི་ཆུ་རགས་ཤིག་ལ་ཚེས་བཅུ་དགུའི་ཉིན་རྡིབ་སྐྱོན་བྱུང་སྟེ། མིག་སྔར་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་གར་སོང་རྙེད་མེད། 

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་བཅུ་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་ཡས་མས་སུ། ཁི་ལཱ་སི་ནོའུ་ཡཱ་ཨར་སི་ཁིའི་མཐའ་མཚམས་ས་ཁུལ་གྱི་ཁུའུ་ལཱ་ཅི་ནོའུ་ས་ཁུལ་ཞེ་ཅིན་ཅི་ནོའུ་སྡེ་བའི་ཉེ་འདབས་སུ། གསེར་གཏེར་སྔོག་འདོན་ཀུང་ཟི་ཞིག་གི་ཆུ་རགས་ལ་རྡིབ་སྐྱོན་བྱུང་ནས། ལས་བཟོ་བའི་ཁང་བ་གྱན་གཉིས་བསྣུབས། མིག་སྔར་དོན་རྐྱེན་དེ་ལས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་གར་སོང་རྙེད་མེད། གཞན་ཡང་མི་བཞིར་རྨས་ཕོག་ཡོད། དེའི་ནང་མི་གསུམ་གྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་རྒུད་སྐྱོབ་མི་སྣ་ཉིས་བརྒྱ་དང་བདུན་ཅུ་ཙམ་དང་འབྲེལ་ཡོད་ཀྱི་སྒྲིག་ཆས་ལྔ་བཅུ་ཙམ་མངག་ཡོད་ཟེར། བྲེལ་མྱུར་གནས་ཚུལ་པུའུ་ཡི་པུའུ་ཀྲང་ཅི་ནེ་ཆེ་ཧྥུའུ་ཡིས་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས་པར་མ་ཟད། རྒུད་སྐྱོབ་གཞི་རྒྱ་ཇེ་ཆེར་བཏང་སྟེ་གར་སོང་མ་རྙེད་པའི་མི་སྣ་སྔོག་བཤེར་བྱེད་པའི་ཁྱབ་ཁོངས་ཇེ་ཆེར་གཏོང་དགོས་པའི་མཛུབ་སྟོན་བཏང་།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།