ཧིན་རྡུ་ཉི་ཞི་ཡཱའི་བསྟུད་འགན་ཁུར་བའི་ཙུང་ཐུང་ཙོ་ཁི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 
2019.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཧིན་རྡུ་ཉི་ཞི་ཡཱའི་བསྟུད་འགན་ཁུར་བའི་ཙུང་ཐུང་ཙོ་ཁི་ཡིས་ཚེས་ཉི་ཤུའི་ཉིན་རྒྱལ་ས་ཡཱ་ཅཱ་ཏཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཁོའི་ཙུང་ཐུང་གི་འགན་ཡུན་ཐེངས་གཉིས་པ་དངོས་སུ་མགོ་བརྩམས། དེའི་རྗེས་སུ་སྤེལ་བའི་ལས་འགན་ཁུར་བའི་གཏམ་བཤད་ཐུང་ངུའི་ནང་། ཙོ་ཁི་ཡིས་མི་ཤུགས་ཐོན་ཁུངས་ཀྱི་འཕེལ་རྒྱས་དང་ལས་ཞུགས་གོ་སྐབས་གསར་སྐྲུན་དེ་འགན་ཡུན་གཉིས་པའི་ནང་གི་སྲིད་སྐྱོང་གཙོ་གནད་དུ་འཛིན་རྒྱུ་ཁས་ལེན་བྱས། 

ཙུང་ཐུང་གིས་ལས་འགན་ཁུར་བའི་མཛད་སྒོ་ནི་ཉིན་དེའི་ཕྱི་དྲོར་ཧིན་རྡུ་ཉི་ཞི་ཡཱའི་མི་དམངས་གྲོས་མོལ་ཚོགས་འདུའི་ཐོག་ཁང་ཆེན་མོ་ནང་སྤེལ་བ་དང་། མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་སུའུ་སཱ་ཏིས་ཨིག་གིས་བདེན་དཔང་བྱས་འོག ཙོ་ཁི་དང་ཙུང་ཐུང་གཞོན་པ་མཱ་ལུའུ་ཧྥུའུ-ཨ་མེན་གྱིས་དམ་བཅའ་བཞག་པར་མ་ཟད་ལས་འགན་ཁུར་བའི་ཡི་གེའི་སྟེང་མིང་བཀོད། 

ཙོ་ཁི་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས། ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་སྐབས་སུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོགས་ཁག་ཆེན་མོ་ལྔའི་ཡ་གྱལ་དུ་འགྱུར་བའི་རླབས་ཆེན་གྱི་འཕེལ་རྒྱས་དམིགས་འབེན་བཏོན་པ་དང་། མ་འོངས་པའི་ལོ་ལྔའི་འགན་ཡུན་ནང་སྲིད་གཞུང་གི་སྣེ་ཁྲིད་དེ་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་རྒྱུའི་ཚུལ་བསྟན། 

ཙོ་ཁི་ཡིས་ད་རུང་བསྟན་དོན། མི་ཤུགས་ཐོན་ཁུངས་ཀྱི་གསོ་སྤེལ་ནི་སྲིད་གཞུང་གི་ལས་འགན་གཙོ་བོ་ཡིན་ཞིང་། ལག་རྩལ་ལ་བྱང་ཆུབ་པའི་ངལ་རྩོལ་ནུས་པ་གསོ་སྐྱོང་བྱེད་པའི་ཞོར་དུ་ལག་རྩལ་བྱེད་ཐབས་བེད་སྤྱད་དེ་སློབ་གསོའི་ཐོན་ཁུངས་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སོ་སོར་འབྲེལ་ཏུ་འཇུག་རྒྱུ་ཡིན་ཟེར། 

ཉིན་དེར་ཝུན་ལའེ་ཡི་མགོ་ཁྲིད་པ་ཧཱ་སིང་ནཱ་ཨར་དང་། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་། མཱ་ལེ་ཞི་ཡཱའི་ཙུང་ལི་མཱ་ཧཱ་ཏིས་ཨར། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་སོགས་རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པ་ལས་འགན་ཁུར་བའི་མཛད་སྒོར་ཞུགས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།