སི་རི་ཡཱའི་སྨྱན་བྱད་ཀྱིས་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་མཐའ་མཚམས་ཀྱི་གྲོང་ཁྱེར་གཙོ་བོ་ལཱ་སི་ཨེ་དབྱིན་བཙན་བཟུང་བྱས་ཡོད་པའི་ཚུལ་བསྟན། 
2019.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུའི་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་དང་དེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་མཐའ་མཚམས་ཀྱི་གྲོང་ཁྱེར་གཙོ་བོ་ལཱ་སི་ཨེ་དབྱིན་བཙན་བཟུང་བྱས་ཡོད་ཟེར། 

བསྒྲགས་པ་ལྟར་ན། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོའི་དམག་དཔུང་ལཱ་སི་ཨེ་དབྱིན་གྲོང་ཁྱེར་དང་ཁ་བྲལ་ཡོད། ལཱ་སི་ཨེ་དབྱིན་གྲོང་ཁྱེར་དེ་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་། སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་དང་ཉེ་སར་ཡོད་ལ། ཐུར་ཁེ་ཡིས་འཛུགས་འདོད་པའི་བདེ་འཇགས་ས་ཁུལ་གྱི་ཁྱབ་ཁོངས་སུ་ཡོད་སྟབས། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ་དཔུང་འཇུག་བྱེད་སའི་གྲོང་ཁྱེར་གཙོ་བོ་ཞིག་ཡིན་པ་རེད། 

དེའི་སྔོན་སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་དང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ལཱ་སི་ཨེ་དབྱིན་གྲོང་ཁྱེར་གྱི་མཐའ་བསྐོར་ཏེ། གྲོང་ཁྱེར་ནང་དང་དེའི་ཉེ་འཁོར་ས་ཁུལ་དུ་མེ་སྒྱོགས་སོགས་བཀོལ་ནས་འཇབ་རྒོལ་བྱས་པ་དང་། ས་དེའི་མི་སེར་དཀྱུས་མར་ཤི་རྨས་བཟོས་ཡོད་ཟེར། 

གཞན་ཡང་སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུའི་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་ཉིན་དེར་མུ་མཐུད་དུ་སི་རི་ཡཱའི་བྱང་ཕྱོགས་ཀྱི་དམག་དོན་རྟེན་གཞི་མང་བོ་ནས་ཕྱིར་འཐེན་བྱས་པ་དང་དེའི་དམག་དོན་སྒྲིག་ཆས་དག་དབྱི་རག་ཏུ་སྐྱེལ་འདྲེན་བྱེད་རྒྱུ་རེད་ཟེར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ད་རུང་ཧཱ་སེ་ཁི་ཞིང་ཆེན་བྱང་ཕྱོགས་ཀྱི་དམག་དོན་རྟེན་གཞི་ཞིག་གཏོར་བ་དང་། རྟེན་གཞི་དེར་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་དང་གྱེན་འཕུར་གནམ་གྲུའི་འཕུར་འབབ་སྒྲིག་ཆས་ཡོད་པ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།