དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་དཔོན་རིགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 
2019.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་དཔོན་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། སི་རི་ཡཱའི་ཡུལ་གྱར་བ་མང་བོ་དབྱི་རག་ཏུ་བྲོས་བྱོལ་བྱས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུལ་གྱར་བ་དེ་དག་ལ་རོགས་སྐྱོར་བྱེད་དགོས་ཟེར། 

དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ནང་སྲིད་པུའུ་ཀྲང་ཨེ་ཧཱ་མེད་ཏི་ཡིས་ཉིན་དེར་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཨེ་ཨར་པུས་ལེ་ནས་དབྱི་རག་ཏུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་མཐུན་སྦྱོར་པ་མཱ་ཨར་ཐཱ-ལུའུ་ཨེ་ཏཱ་སི་ལ་ཐུག་འཕྲད་བྱས། ཨེ་ཧཱ་མེད་ཏི་ཡིས་དེའི་རྗེས་སུ་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། སི་རི་ཡཱའི་ཡུལ་གྱར་བ་སྟོང་ལྔ་ཙམ་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་དུ་བྲོས་བྱོལ་བྱས་ཡོད། སི་རི་ཡཱའི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས། ཡུལ་གྱར་བ་སྔར་ལས་མང་བོ་དབྱི་རག་ཏུ་ཡོང་སྲིད་ཟེར། ཁོས་དབྱི་རག་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུལ་གྱར་བ་དེ་དག་ལ་ཕྱོགས་སོ་སོའི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ལུའུ་ཨེ་ཏཱ་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་བར་རོགས་འདེགས་བྱས་ཏེ་ཡུལ་གྱར་བར་འགེབས་སྲུང་བྱེད་རྒྱུ་ཡིན་ཟེར། ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་འཐབ་འཁྲུག་བྱུང་བའི་ཚུན་ལ། དབྱི་རག་གིས་སི་རི་ཡཱའི་ཡུལ་གྱར་བ་འབུམ་གཉིས་དང་ཁྲི་ལྔ་བསྡུ་ལེན་བྱས་ཡོད་པ་དང་། དེའི་ནང་མང་ཆེ་བ་ནི་ཁུའུ་ཨར་ཏིའི་མི་རེད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།