​མཱ་ལིའི་དམག་སྒར་དུ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་ང་བཞི་རྐྱེན་ལམ་དུ་ཤོར།
2019.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

མཱ་ལི་སྲིད་གཞུང་གི་མགྲིན་ཚབ་པ་སིང་ཅཱ་ལོས་ཀྱིས་ཚེས་གཉིས་ཉིན་གྱི་ཞོགས་པར་ཁས་ལེན་བྱས་དོན། མཱ་ལིའི་བྱང་ཤར་ཕྱོགས་ཀྱི་མཱེ་ནཱ་ཁཱ་ས་ཁུལ་གྱི་མཱ་ལིའི་དམག་སྒར་ཞིག་ལ་ཚེས་གཅིག་ཉིན་འཇབ་རྒོལ་ཐེབས་ཏེ། མི་ང་བཞི་རྐྱེན་ལམ་དུ་ཤོར་ཟེར། 

ཁོས་བསྟན་དོན། འཇབ་རྒོལ་དོན་རྐྱེན་བྱུང་རྗེས་རོགས་སྐྱོར་དམག་དཔུང་གིས་ཡུལ་དངོས་ནས་བེམ་པོ་ང་བཞི་རྙེད་ཡོད་པ་དང་། དེའི་ནང་དམག་མི་ང་གསུམ་དང་མི་སེར་དཀྱུས་མ་གཅིག་འདུས་ཟེར། མིག་སྔར་དོན་རྐྱེན་བྱུང་སའི་བདེ་འཇགས་གནས་ཚུལ་ལ་ཚོད་འཛིན་ཐོབ་ཡོད། 

མཱ་ལིའི་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དྲག་ཆས་འཇབ་རྒོལ་མཁན་ནི་ནེ་ཀྲིར་ནས་ཡོང་བ་ཡིན་སྲིད་པ་དང་། ཁོ་ཚོས་སྔོན་ལ་དམག་སྒར་དུ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་རྗེས་དཔུང་འཇུག་བྱས་པ་རེད་ཟེར། མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།