​ཧྥ་རན་སིའི་བྱང་ཕྱོགས་ས་ཁུལ་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་ནས་མི་སོ་གསུམ་ལ་རྨས་ཕོག
2019.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཚེས་གསུམ་ཉིན་ཧྥ་རན་སིའི་བྱང་ཕྱོགས་ཀྱི་སོ་མུའུ་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་སྟེང་ལོག་ནས། ཉུང་མཐར་ཡང་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་དེའི་ནང་མི་བཞིའི་རྨས་སྐྱོན་ཚབས་ཆེན་རེད། 

བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་འཇར་མན་གྱི་ཧྥོ་ལེ་ཁི་སི་འགྲུལ་སྐྱེལ་ཀུང་ཟིར་གཏོགས་པ་དང་། ཧྥ་རན་སིའི་ཕཱ་རེ་སི་དང་དབྱིན་ཇིའི་ལོན་ཏོན་བར་གྱི་འགྲུལ་སྐྱེལ་ཞབས་ཞུ་གཉེར་བཞིན་ཡོད། གཞུང་ལམ་དེ་བརླན་པའི་དབང་གིས་འགྲུལ་སྐྱེལ་རླངས་འཁོར་དེ་དཀྱོགས་མཚམས་ཤིག་བརྒྱུད་སྐབས་བདེ་འཇགས་ཉེན་སྲུང་ལན་ཀན་ལས་བརྒལ་ནས་ལམ་འགྲམ་དུ་ལོག་པ་རེད། སོ་མུའུ་ཞིང་ཆེན་སྲིད་གཞུང་གིས་སྤེལ་བའི་སྤྱི་སྒྲོག་ལས། དོན་རྐྱེན་དེ་བྱུང་སྐབས་རླངས་འཁོར་སྟེང་དུ་བསྡོམས་པས་འགྲུལ་བ་སོ་གཉིས་དང་ཁ་ལོ་བ་གཅིག་བཅས་ཡོད་པ་དང་། དེའི་ནང་ཕྱི་རྒྱལ་གྱི་འགྲུལ་བ་འདུས་ཟེར། 

བསྒྲགས་པ་ལྟར་ན། ས་དེའི་འཕྲལ་སྒྲུབ་སྡེ་ཁག་གིས་མེ་གསོད་མི་སྣ་དང་མྱུར་སྐྱོབ་རླངས་འཁོར་འགའ་མངག་ནས་ཡུལ་དངོས་སུ་སོང་བ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དུ་བཅུག སོ་མུའུ་ཞིང་ཆེན་སྲིད་གཞུང་གིས་བསྟན་དོན། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གཞན་ཞིག་དོན་རྐྱེན་བྱུང་སར་མངག་ནས་མུ་མཐུད་དུ་འགྲུལ་བཞུད་བྱེད་པའི་འགྲུལ་བ་དག་ལོན་ཏོན་དུ་བསྐྱལ་བར་སྟབས་བདེ་བཟོས་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།