མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ནས་བཟོ་ལས་ཀྱི་ཉིས་སྟོང་སུམ་ཅུའི་དམིགས་འབེན་གཙོ་བོར་བཟུང་།
2019.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཚེས་གསུམ་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་ཚོགས་མགོ་བརྩམས། སྐབས་འདིའི་ཚོགས་ཆེན་གྱི་བརྗོད་སྙིང་ནི་བཟོ་ལས་ཀྱི་ཉིས་སྟོང་སུམ་ཅུ་ལོ་སྟེ་གསར་གཏོད་དང་མཉམ་འབྲེལ། མ་འོངས་བསྐྱར་བཞེངས་བཅས་ཡིན་པ་རེད། 

སྐབས་འདིའི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་གཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། བཟོ་ལས་གསར་བརྗེ་ཐེངས་བཞི་བའི་རྒྱབ་ལྗོངས་འོག་ཏུ། རྒྱུན་མཐུད་ཀྱི་བཟོ་ལས་འཕེལ་རྒྱས་ཀྱིས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དམིགས་འབེན་མངོན་འགྱུར་བྱེད་སྐབས་ནུས་པ་གལ་ཆེན་འདོན་པར་གཙོ་བོར་དམིགས་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། བཟོ་བའི་འཕེལ་རྒྱས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་བདུན་ཅུ་ནས་ཡོང་བའི་དཔོན་རིགས་དང་འཐུས་མི་བརྒྱད་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལིས་ཡུང་གིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། སྐབས་འདིའི་ཚོགས་ཆེན་གྱི་བརྗོད་སྙིང་ལས་མི་རྣམས་ཀྱིས་ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་གི་རེ་སྒུག་བསྟན་ཡོད་པ་དང་། བཟོད་སྒོམ་དང་རྒྱུན་མཐུད་ཀྱི་བཟོ་ལས་འཕེལ་རྒྱས་ལ་བརྟེན་ནས་ཐན་ཉུང་དང་བློ་གྲོས་ཀྱི་དཔལ་འབྱོར་ལ་སྐུལ་འདེད་བཏང་སྟེ། ལས་ཞུགས་གསར་སྐྲུན་དང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་མཉམ་དུ་དར་རྒྱས་ཉམས་སུ་མྱོང་དགོས། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་འགྲན་རྩོད་མང་བོ་ཡོད་པ་དང་། འགྲན་རྩོད་ཐག་གཅོད་བྱེད་པར་ཡིད་ཆེས་དང་ཆོད་སེམས་ཡོད་དགོས་པར་མ་ཟད། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་སྒེར་གཉེར་སྡེ་ཁག་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱ་དགོས་ཟེར། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ནུས་ཁུངས་དང་བཟོ་ལས་པུའུ་ཀྲང་མཱ་ཙི་ལུའུ་དབྱེ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་སུ་གསར་གཏོད་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས་འདུ་ཤེས་ཁྱབ་གདལ་དུ་གཏོང་བར་རྒྱབ་སྐྱོར་བྱེད་པར་མ་ཟད།  ཤེས་བྱ་དང་གསར་གཏོད་ཀྱི་རྨང་གཞིའི་སྟེང་རྒྱལ་ཁབ་རང་གི་སྔོན་ཐོན་གྱི་བཟོ་ལས་སྡེ་ཁག་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་རྒྱུའི་ཚུལ་བསྟན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་གཏམ་བཤད་སྤེལ་ཏེ་བསྟན་དོན། བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་སྒེར་གཉེར་སྡེ་ཁག་བར་གྱི་མཉམ་ལས་ལ་བརྟེན་ནས། ལས་ཞུགས་དང་ཚན་རྩལ་བརྒྱུད་སྤོར། དངུལ་གཏོང་སོགས་ལ་སྐུལ་འདེད་བཏང་ཆོག་པ་དང་། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དམིགས་འབེན་མངོན་འགྱུར་བྱེད་སྐབས་ཐུན་མིན་གྱི་ནུས་པ་འདོན་སྤེལ་བྱ་དགོས་ཟེར། 

དངོས་གཞིའི་གྲོས་རིམ་ལས་གཞན། ཚོགས་ཡུན་ཉིན་ལྔ་ཡིན་པའི་ཚོགས་ཆེན་ནས་ད་རུང་མཉམ་འབྲེལ་འགྲེམ་སྟོན་ལ་བརྟེན་ནས་གཙོ་བོ་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་གྲོགས་པོའི་འབྲེལ་བ་དང་ལག་རྩལ་མཉམ་ལས་ཀྱི་གྲུབ་འབྲས་མཚམས་སྦྱོར་བྱེད་རྒྱུ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།