​ཐཱ་ཅི་ཁི་སི་ཐན་གྱི་མཐའ་སྲུང་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་ཐེབས།
2019.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཐཱ་ཅི་ཁི་སི་ཐན་གྱི་བདེ་འཇགས་སྡེ་ཁག་གིས་ཚེས་དྲུག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་མཐའ་སྲུང་སོ་ལྟ་ཁང་ལ་ཉིན་དེར་འཇབ་རྒོལ་ཐེབས་ཟེར། 

བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་ཡིས་ཚེས་དྲུག་ཉིན་ཐཱ་ཅི་ཁི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་མཐའ་མཚམས་ཀྱི་ཐཱ་ཅི་ཁི་སི་ཐན་ཕྱོགས་སུ་ཡོད་པའི་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་བྱས། སོ་ལྟ་ཁང་དེ་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད། འཁྲུག་རྩོད་བྱེད་སྐབས་དྲག་ཆས་ཉེས་ཅན་བཅོ་ལྔ་བསད་པ་དང་། གཞན་ཡང་དྲག་ཆས་ཉེས་ཅན་ལྔ་འཛིན་བཟུང་བྱས། ཐཱ་ཅི་ཁི་སི་ཐན་གྱི་མཐའ་སྲུང་དམག་མི་གཅིག་དང་ནང་སྲིད་པུའུ་ཡི་ལས་བྱེད་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།