​པུ་ཁི་ནཱ་ཧྥ་སོ་ཡི་གཏེར་འདོན་བཟོ་བའི་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་སོ་བདུན་རྐྱེན་ལམ་དུ་ཤོར།
2019.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

པུ་ཁི་ནཱ་ཧྥ་སོའི་སྲིད་གཞུང་གིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཐཱ་པའོ་ཨ་ཞིང་ཆེན་དུ་ཉིན་དེར་གཏེར་འདོན་བཟོ་བའི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེ་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་སོ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དམག་དཔུང་གིས་འགེབས་སྲུང་བྱེད་པའི་གཏེར་འདོན་བཟོ་བའི་རླངས་འཁོར་རུ་ཁག་དེ་ཐཱ་པའོ་ཨ་ཞིང་ཆེན་གྱི་གསེར་གཏེར་ཤིག་ཏུ་བགྲོད་པའི་ལམ་བར་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་པ་རེད། འཇབ་རྒོལ་དེ་ལས་དམག་མི་དང་མི་སེར་དཀྱུས་མ་འདུས་པའི་མི་སོ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

དྲག་ཆས་མི་སྣ་དག་འཇབ་རྒོལ་བྱས་རྗེས་བྲོས་བྱོལ་བྱས་པ་དང་། པུ་ཁི་ནཱ་ཧྥ་སོའི་བདེ་འཇགས་སྡེ་ཁག་གིས་འཇབ་རྒོལ་དོན་རྐྱེན་བྱུང་སའི་ས་ཁོངས་སུ་སྔོག་བཤེར་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།