​ཨ་མེ་རི་ཁ་དང་ཐུར་ཁེའི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
2019.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཁོ་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཁ་པར་བརྒྱུད་དེ་སི་རི་ཡཱའི་གནས་བབ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཁོས་ཨེ་ཨར་ཏའོ་ཨན་གྱིས་གཟའ་འཁོར་རྗེས་མར་ཨ་མེ་རི་ཁར་འཚམས་འདྲི་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ཉིན་དེའི་སྔ་དྲོར་ཨེ་ཨར་ཏའོ་ཨན་བར་ཁ་པར་གྲོས་མོལ་བྱས། ཁོ་གཉིས་ཀྱིས་སི་རི་ཡཱའི་མཐའ་མཚམས་གནས་བབ་དང་། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། སི་རི་ཡཱའ་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨེ་ཨར་ཏའོ་ཨན་གྱིས་ཁོ་ལ་བཤད་པ་ལྟར་ན། ཐུར་ཁེ་ཡིས་དེའི་སྔོན་སི་རི་ཡཱའི་བྱང་ཕྱོགས་ཀྱི་འཁྲུག་རྩོད་ཁྲོད་བྲོས་བྱོལ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་མང་བོ་འཛིན་བཟུང་བྱས་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་གིས་གཟའ་འཁོར་སྔོན་མར་བརྡས་ཐག་བཅད་དེ་ཐུར་ཁེ་དང་འབྲེལ་བའི་གྲོས་གཞི་གཉིས་ལ་གྲོས་མཐུན་བཀོད་ནས་ཐུར་ཁེ་ཕྱོགས་ལ་ཁོང་ཁྲོ་བསླངས་ཡོད་པས། ཐུར་ཁེའི་དཔོན་རིགས་མང་བོས་ཉེ་སྔོན་བཤད་རྒྱུར། ཨེ་ཨར་ཏའོ་ཨན་གྱིས་ཟླ་འདིའི་ཟླ་དཀྱིལ་དུ་ཨ་མེ་རི་ཁར་འཚམས་འདྲི་བྱེད་པའི་འགྲུལ་བཞུད་རྩིས་མེད་དུ་གཏོང་ཡང་སྲིད་ཟེར། ཨེ་ཨར་ཏའོ་ཨན་གྱིས་ཚེས་ལྔ་ཉིན་བསྟན་དོན། ཁོས་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས་རྗེས་ཨ་མེ་རི་ཁར་འཚམས་འདྲི་བྱེད་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།