མའོ་ལི་ཁྱིག་སིའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕངས་པའི་མཇུག་འབྲས་ཁྱབ་སྒྲོག་བྱས། ད་ལྟའི་ཙུང་ལི་ཕུའུ་ལཱ་ཝུན་ཏི་ཅཱ་ཀི་ནཱ་ཐི་ཡིས་མགོ་ཁྲིད་པའི་སྲིད་འཛིན་ཏང་མནའ་འབྲེལ་ཏེ་མའོ་ལི་ཁྱིག་སི་བའི་མནའ་འབྲེལ་ལ་རྒྱལ་དམངས་གྲོས་ཁང་གི་ལས་གནས་སོ་བརྒྱད་ཐོབ་ནས། གྲོས་ཁང་གི་སྤྱི་གྲངས་ཀྱི་ཕྱེད་ཀ་བརྒལ་ཡོད་པ་རེད།
འདེམ་ཤོག་འཕངས་པའི་མཇུག་འབྲས་ལྟར་ན། ཚེས་བདུན་ཉིན་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད། ལཱ་མུའུ་ཀུའུ་ལན་གྱིས་མགོ་ཁྲིད་པའི་རྒྱལ་དམངས་མནའ་འབྲེལ་ལ་ལས་གནས་བཅུ་གསུམ་ཐོབ་པ་དང་། པེ་ལིང་རི་ཡིས་མགོ་ཁྲིད་པའི་མའོ་ལི་ཁྱིག་སིའི་འཐབ་འཛིང་ལས་འགུལ་ལ་ལས་གནས་དགུ་ཐོབ་ཡོད།
མའོ་ལི་ཁྱིག་སིའི་རྩ་ཁྲིམས་ལྟར་ན། མའོ་ལི་ཁྱིག་སི་བའི་མནའ་འབྲེལ་གྱི་མགོ་ཁྲིད་པ་ཕུའུ་ལཱ་ཝུན་ཏི་ཅཱ་ཀི་ནཱ་ཐི་ཡིས་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་དགོས་པ་རེད།
མའོ་ལི་ཁྱིག་སིའི་རྒྱལ་དམངས་གྲོས་ཁང་གིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་ཅིང་། གྲོས་མི་བདུན་ཅུས་གྲུབ་ཡོད་ལ། འགན་ཡུན་ལོ་ལྔ་རེད། དེའི་ནང་ནང་མི་རེ་གཉིས་འདེམ་བསྐོ་བརྒྱུད་དེ་བདམས་ཐོན་བྱེད་པ་ཡིན་པ་དང་། དེའི་འཕྲོའི་མི་བརྒྱད་དཔོན་ཕྱོགས་ཀྱིས་བསྐོ་འཇོག་བྱ་དགོས་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།