སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་བདུན་ལ་རྨས་ཕོག
2019.11.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

སི་རི་ཡཱའི་བྱང་ཕྱོགས་ཀྱི་ཐུར་ཁེ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་ཚེས་བཅུ་ཉིན་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་སི་རི་ཡཱའི་བྱང་ཕྱོགས་ཀྱི་ལཱ་ཁཱ་ཞིང་ཆེན་གྱི་ཐུར་ཁེ་དང་ཉེ་བའི་མཐའ་མཚམས་ཀྱི་ཐེ་ལེ་ཨེ་པུའུ་ཡེ་ཏི་གྲོང་རྡལ་ཉེ་འདབས་ནས་བྱུང་བ་རེད། འགད་རྫས་མང་བོ་དྲུད་པའི་རླངས་འཁོར་ཞིག་སུའུ་ལུའུ་ཁི་སྡེ་བའི་སྲང་ལམ་དུ་འགས་གཏོར་བྱུང་སྟེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་བདུན་ལ་རྨས་ཕོག དེའི་ནང་མི་མང་བོའི་རྨས་སྐྱོན་ཚབས་ཆེན་རེད། 

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་དང་དེའི་རྒྱབ་སྐྱོར་མཁན་གྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་སུའུ་ལུའུ་ཁི་བཙན་བཟུང་བྱས་པའི་ཚུན་ལ། ས་དེར་རྙོག་དྲ་དང་ཟང་ཟིང་བཟོས་པ་དང་། རླངས་འཁོར་དང་འཕྲུལ་རྟའི་འགས་གཏོར་དོན་རྐྱེན་ཐེངས་མང་བྱུང་སྟེ། མི་བཅུ་ཕྲག་འགར་ཤི་རྨས་ཐེབས་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།