སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་སོ་དྲུག་གིས་ཨ་ཧྥུའུ་ཧན་སྲིད་གཞུང་ལ་མགོ་སྒུར། 
2019.11.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་སོ་དྲུག་གིས་ཚེས་དགུའི་ཉིན་ཨ་ཧྥུའུ་ཧན་སྲིད་གཞུང་ལ་མཚོན་ཆ་སྤྲད་དེ་མགོ་སྒུར་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མི་སོ་དྲུག་ཁྲོད་དུ་མི་བཞི་ཨ་ཧྥུའུ་ཧན་ཐེ་ལཱ་པན་རྩ་འཛུགས་ནས་ཡོང་བ་དང་། མི་སོ་གཉིས་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ནས་ཡོང་བ་རེད། ཁོ་ཚོས་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏི་གྲོང་ཁྱེར་ནས་རྒྱལ་ཁབ་བདེ་འཇགས་ཅུའུ་ལ་མགོ་སྒུར་བ་དང་། མཚོན་ཆ་ཚང་མ་ལྷག་ལུས་མེད་པར་སྤྲད་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་དེ་དག་སྔོན་ཆད་ཞིང་ཆེན་དེའི་ཧཱ་སི་ཁཱ་མུའ་ནཱ་དང་ཞེ་ཨར་ཀྲ་ཏི། ཨ་ཆན། ཧུའུ་ཅི་ཡཱ་ནེ་སོགས་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད་ཟེར། 

ཨ་ཧྥུའུ་ཧན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། ཉིས་སྟོང་བཅུ་ལོའི་ཚུན་ལ། དྲག་ཆས་ཉེས་ཅན་ཁྲི་གཅིག་ལྷག་གིས་མཚོན་ཆ་བསྐྱུར་ནས་ཞི་བདེའི་འཕེལ་རིམ་ནང་དུ་ཞུགས་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།