ཅོར་ཏན་གྱིས་དབྱི་སི་རལ་ལ་གླ་གཏོང་བྱས་པའི་ས་ཁུལ་གཉིས་ཕྱིར་བསྡུ་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། 
2019.11.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་བཅུ་ཉིན་ཁྱབ་སྒྲོག་བྱས་དོན། ཅོར་ཏན་གྱིས་ཉིན་དེ་ནས་བཟུང་གཅིག་སྟོང་དགུ་བརྒྱ་གོ་བཞིའི་ལོར་དབྱི་སི་རལ་བར་བཀོད་པའི་ཞི་བདེའི་གྲོས་ཆོད་ཀྱི་ནང་དོན་སྐོར་ཞིག་དངོས་སུ་རྩིས་མེད་དུ་བཏང་སྟེ། ལོ་ངོ་ཉེར་ལྔའི་རིང་དབྱི་སི་རལ་ལ་གླ་གཏོང་བྱས་པའི་ས་ཁུལ་གཉིས་ཕྱིར་བསྡུ་ལེན་བྱེད་རྒྱུ་ཡིན་ཟེར། 

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་སྐབས་འདིའི་ཅོར་ཏན་རྒྱལ་དམངས་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་མགོ་རྩོམ་པའི་མཛད་སྒོར་ཞུགས་སྐབས་གཏམ་བཤད་སྤེལ་ཏེ། ད་ལོ་ནས་བཟུང་། ཅོར་ཏན་གྱིས་པཱ་ཀུའུ་ལཱ་དང་ཀུའུ་མཱ་ཨར་ས་ཁུལ་གཉིས་ཀྱི་ས་ཁོངས་ཡོད་ཚད་ཀྱི་བདག་དབང་ཕྱིར་ལེན་རྒྱུ་ཡིན་ཟེར། 

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་གྱིས་ས་ཁུལ་དེ་གཉིས་ཀྱི་གླ་གཏོང་ཡུན་ཚད་ཇེ་རིང་དུ་གཏོང་བའི་འཆར་གཞི་གང་ཡང་མེད་ཟེར། 

པཱ་ཀུའུ་ལཱ་དང་ཀུའུ་མཱ་ཨར་ས་ཁུལ་གཉིས་སོ་སོར་ཅོར་ཏན་ནུབ་བྱང་ཕྱོགས་ཀྱི་དབྱེ་ཨར་པུས་ཏི་ཞིང་ཆེན་དང་ཅོར་ཏན་ལྷོ་ཕྱོགས་ཀྱི་ཡཱ་ཁཱ་པཱ་ཞིང་དུ་ཡོད། པཱ་ཀུའུ་ལཱའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་དྲུག་ཙམ་ཡོད་པ་དང་། གཅིག་སྟོང་དགུ་བརྒྱ་ལྔ་བཅུའི་ལོར་དབྱི་སི་རལ་གྱིས་བཙན་བཟུང་བྱས། ཀུའུ་མཱ་ཨར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བཞི་ཙམ་ཡོད་པ་དང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་གྱི་འཐབ་འཁྲུག་ཐེངས་གསུམ་པའི་སྐབས་སུ་དབྱི་སི་རལ་གྱིས་བདག་ཏུ་བཟུང་བ་རེད། 

ཅོར་ཏན་དང་དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་དང་གོ་བཞི་ལོའི་ཟླ་བཅུ་གཅིག་པར་ཞི་བའི་གྲོས་ཆོད་བཀོད། དེའི་ནང་ཟུར་སྣོན་གཏན་འཁེལ་གཉིས་འདུས། རྒྱལ་ཁབ་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པའི་ས་ཁུལ་དེ་གཉིས་ཀྱི་བདག་དབང་ཅོར་ཏན་ལ་གཏོགས་པ་དང་། དབྱི་སི་རལ་གྱིས་ས་ཁུལ་དེ་གཉིས་གླ་གཏོང་བྱས་ཆོག གླ་གཏོང་གི་ཡུན་ཚད་ལོ་ཉེར་ལྔ་ཡིན་པ་རེད། དེ་མིན་ཅོར་ཏན་སྲིད་གཞུང་གིས་གླ་ཡུན་ཇེ་རིང་དུ་གཏོང་མིན་ཐག་གཅོད་བྱེད་པའི་དབང་ཆ་ཡོད། གལ་ཏེ་གླ་གཏོང་བྱེད་མཚམས་བཞག་པའམ་ཡང་ན་གཏན་འཁེལ་གྱི་ནང་དོན་ལ་བཟོ་བཅོས་བྱ་དགོས་ན། ཕྱོགས་གང་རུང་གིས་གླ་གཏོང་ཡུན་ཚད་མ་ལོང་གོང་གི་ལོ་གཅིག་གི་ཡར་སྔོན་ཕ་རོལ་པོར་བརྡ་གཏོང་དགོས། དེ་ལྟར་མ་བྱས་ན་གླ་གཏོང་ཆིངས་ཡིག་མུ་མཐུད་དུ་རྒྱུན་བསྲིང་ངེས་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།