ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཕྱོགས་གཉིས་ཀྱི་མཉམ་ལས་དང་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས། 
2019.11.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་དགུའི་ཉིན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཐུར་ཁེའི་ནུས་ཁུངས་དང་དམག་དོན་ལག་རྩལ་མཉམ་ལས། སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། ཨུ་རུ་སི་དང་ཐུར་ཁེའི་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་བྱ་བར་གདེང་འཇོག་གང་ལེགས་བྱས། དེའི་ནང་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་དམག་དོན་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་དངོས་འབེབ་བྱས་པའི་གནས་ཚུལ་ཡང་འདུས་ཡོད། ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེའི་འབབ་རྒྱུན་ཞེས་པའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་དེ་ད་ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་དངོས་སུ་བེད་སྤྱོད་བྱེད་མགོ་རྩོམ་ཐུབ་པར་ཡིད་ཚིམས་པའི་ཚུལ་བསྟན། 

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཟླ་བཅུ་བར་སི་རི་ཡཱའི་གནས་བབ་ཐད་ནས་བཟོད་སྒོམ་བརྗེད་ཐོ་བཀོད། ཐེངས་འདིའི་ཁ་པར་གྲོས་མོལ་ལས་ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གྱིས་ནན་གྱིས་བསྟན་དོན། སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བ་དང་། བདག་དབང་དང་གཅིག་གྱུར་བཅས་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་བརྩི་སྲུང་བྱས་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་ཕན་ཚུན་མཐུན་སྦྱོར་བྱས་ཏེ་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་གནས་བབ་གཏན་འཇགས་ངང་འཕེལ་བར་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱའི་གནད་དོན་ཐད་ནས་བཀོད་པའི་གྲོས་མཐུན་དངོས་འབེབ་བྱ་དགོས་པ་ནན་བཤད་བྱས། 

ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གྱིས་ད་རུང་ཉེ་སྔོན་རི་ནེ་ཝ་ནས་གྲོལ་བའི་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ནས་བླངས་པའི་གྲུབ་འབྲས་ལ་དགའ་བསུ་ཞུས་པ་དང་། ཨ་སི་ཐཱ་ནཱའི་ཁག་ཁུར་རྒྱལ་ཁབ་དག་གིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་གྲ་སྒྲིག་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད་པ་ནན་བཤད་བྱས། ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་མུ་མཐུད་དུ་སི་རི་ཡཱའི་ཆབ་སྲིད་སྟོབས་ཤུགས་སོ་སོས་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཁས་ལེན་བྱས། 



 

ལོ་ཙཱ་བ། བསོད་ནམས་ཚེ་རིང་།