​ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་བདུན་རྐྱེན་ལམ་དུ་ཤོར།
2019.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉིན་དེར་ལྷོ་ནུབ་ཕྱོགས་ཀྱི་ཐཱ་དབྱེ་ཙི་ཞིང་ཆེན་ནས་འཁྲུག་རྩོད་བྱས་ཏེ། བསྡོམས་པས་ཕྱོགས་གཉིས་ཀྱི་མི་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་མི་སྣ་བཅུ་ཕྲག་འགའ་ཡིས་ཉིན་དེར་ཐཱ་དབྱེ་ཙི་ཞིང་ཆེན་ནུབ་ཕྱོགས་ཀྱི་ཧཱ་མུའུ་ལཱ་ས་ཁུལ་དུ་བཅའ་སྡོད་བྱེད་པའི་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ། ས་ཁུལ་དེའི་ཚོད་འཛིན་དབང་ས་འཕྲོག་ལེན་བྱེད་རྩིས་བྱས། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་བ་དང་། འཁྲུག་རྩོད་དེ་དུས་ཚོད་འགའི་རིང་རྒྱུན་བསྲིངས། སྲིད་གཞུང་དམག་དཔུང་གིས་བདེ་བླག་ངང་ཧུའུ་སེ་དྲག་ཆས་མི་སྣ་མཐར་སྐྲོད་བཏང་བར་མ་ཟད། དྲག་ཆས་མི་སྣ་བཞི་བསད། སྲིད་གཞུང་དམག་དཔུང་གི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཐཱ་དབྱེ་ཙི་ཞིང་ཆེན་དེ་མཚོ་དམར་གྱི་འགྲམ་དུ་ཡོད་ཅིང་། ཞིང་ཆེན་དེའི་ཧུའུ་སེ་དྲག་ཆས་པས་ཕྱི་ཕྱོགས་ལ་འབྲེལ་གཏུག་བྱེད་སའི་གྲུ་ཁ་གཅིག་པ་ཡིན་ལ། གྲུ་ཁ་དེའི་ཐོབ་ཤོར་ཐད་ཀར་དུ་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་དང་ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པར་ངེས་པ་དོན་གྱིས་བཀག་སྡོམ་བྱེད་ཐུབ་མིན་ལ་རག་ལས་ཡོད། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ནམ་རྒྱུན་ཐཱ་དབྱེ་ཙི་ཞིང་ཆེན་གྱི་ཤར་ཕྱོགས་དང་ནུབ་ཕྱོགས། བྱང་ཕྱོགས་བཅས་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་བྱེད་བཞིན་ཡོད། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཐཱ་དབྱེ་ཙི་གྲོང་ཁྱེར་ལྟེ་གནས་ས་ཁུལ་དེ་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱས་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།