རྒྱལ་སྤྱིའི་མི་གྲངས་དང་འཕེལ་རྒྱས་ཚོགས་ཆེན་བསྡུས་ནས་ལོ་ངོ་ཉེར་ལྔ་འགོར་བར་རྗེས་དྲན་བྱེད་པའི་མཐོ་རིམ་གྲོས་ཚོགས་ནེ་ལོ་པུས་ནས་ཚོགས་མགོ་བརྩམས།
2019.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

རྒྱལ་སྤྱིའི་མི་གྲངས་དང་འཕེལ་རྒྱས་ཚོགས་ཆེན་བསྡུས་ནས་ལོ་ངོ་ཉེར་ལྔ་འགོར་བར་རྗེས་དྲན་བྱེད་པའི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་གཉིས་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་སྤེལ་མགོ་བརྩམས་པ་དང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ཨེ་ཙི་ནད་ཀྱི་འགོག་བཅོས་དང་བུ་མོ་ལོ་ཆུང་གི་སྲུང་སྐྱོབ། སྐྱེ་འཕེལ་བདེ་ཐང་། མི་གྲངས་ལོ་ལོན་ཅན་དུ་འགྱུར་བ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། ཁུན་ནེ་ཡཱའི་སྲིད་གཞུང་དང་ཏན་མག་སྲིད་གཞུང་། མཉམ་འབྲེལ་རྒྱལ་ཚོགས་མི་གྲངས་ཐེབས་རྩ་ཚོགས་པ་བཅས་ཀྱིས་མཉམ་དུ་སྤེལ་བ་རེད། འཛམ་གླིང་གི་ས་ཁུལ་སོ་སོ་ནས་ཡོང་བའི་འཐུས་མི་སྟོང་བདུན་ལྷག་གྲོས་ཚོགས་ལ་ཞུགས། 

ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། བུད་མེད་ཀྱི་སྐྱེ་འཕེལ་བདེ་ཐང་ཐད་ཀྱི་དངུལ་གཏོང་དེ་སྦྲུམ་མའི་ཤི་ཚད་ཇེ་ཉུང་དུ་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གལ་འགངས་ཧ་ཅང་ཆེ། ང་ཚོས་ངེས་པར་དུ་བུད་མེད་ཀྱི་སྐྱེ་འཕེལ་བདེ་ཐང་ཞབས་ཞུའི་ཐད་དུ་བཀོལ་བའི་ནོར་སྲིད་ཀྱི་འགྲོ་སོང་ཇེ་མང་གཏོང་དགོས་པ་དང་། ཞོར་དུ་ཞིབ་འཇུག་དང་ལག་རྩལ། གསར་གཏོད་བཅས་བེད་སྤྱད་དེ་སྔར་ལས་བཟང་བའི་གྲུབ་འབྲས་ལེན་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་བསྟན་དོན། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཕྱོགས་མང་དངུལ་སྐྱིས་ལས་ཁུངས་ཀྱིས་བུད་མེད་དང་བྱིས་པའི་སྐྱེ་འཕེལ་བདེ་ཐང་གི་ཁེ་དབང་དེ་རྒྱུན་མཐུད་འཕེལ་རྒྱས་འཆར་གཞིའི་སྙིང་བོར་བྱ་དགོས་ཟེར། ཁོ་མོས་བསྟན་དོན། ཁག་ཁུར་ཐུབ་པ་དང་ཕན་ནུས་ལྡན་པའི་དེང་རབས་ཀྱི་སྦྲུམ་འགོག་སྨན་དང་ཡོ་བྱད་ཐོབ་པར་བྱེད་པ་ནི་ཕོ་མོ་འདྲ་མཉམ་དང་དབུལ་ཕོངས་སེལ་བ་མངོན་འགྱུར་བྱེད་པ་དང་། ཞི་བདེ་དང་བཟོད་སྒོམ། གཏན་འཇགས་བཅས་མངོན་འགྱུར་བྱེད་པའི་གནད་འགག་རེད་ཟེར།
ཏན་མག་གི་རྒྱལ་རྒྱུད་བཙུན་མོ་མཱ་ལོས་ཀྱིས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་བུ་མོ་ལོ་ཆུང་གི་སློབ་གསོར་མཐོང་ཆེན་བྱ་དགོས་པ་དང་། ཁོ་མོ་ཚོར་ལས་རིགས་རྩལ་ནུས་ལྡན་པར་བྱས་ཏེ་གང་ནུས་ཀྱིས་ལོ་ཆུང་བའི་དུས་ནས་མངལ་སྦྲུམ་པ་དང་བདེ་འཇགས་མིན་པའི་མངལ་འདོར་སོགས་ཀྱི་གནོད་པ་ཐེབས་པར་སྔོན་འགོག་བྱ་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་མི་གྲངས་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ནཱ་ཐཱ་ལེ་ཡཱ་ཁཱ་ནེ་མུའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཧུར་ཐག་སྒོས་གཅིག་སྟོང་དགུ་བརྒྱ་གོ་བཞིའི་ལོར་ཁེ་རོའི་རྒྱལ་སྤྱིའི་མི་གྲངས་དང་འཕེལ་རྒྱས་ཚོགས་ཆེན་གྱི་འགུལ་སྐྱོད་རྩ་གནད་ཀྱི་རེ་འདུན་མངོན་འགྱུར་བྱ་དགོས་པའི་འབོད་སྐུལ་བཏང་།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།