ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་ཧན་གོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནི་ངོ་ལོག་གི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་འཛུགས་བྱས། 
2019.11.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོས་ཉེ་སྔོན་སྤེལ་རྩིས་ཡོད་པའི་མཉམ་འབྲེལ་གྱི་བར་སྣང་དམག་དོན་སྦྱོང་བརྡར་དེ་ནི་ཁྲའོ་ཞན་ལ་ངོ་རྒོལ་བྱེད་པའི་དགྲར་འཛིན་གྱི་དམག་དོན་སྦྱོང་བརྡར་ཞིག་ཡིན་པར་སྐྱོན་འཛུགས་བྱས་པར་མ་ཟད། རིགས་དེ་མཚུངས་ཀྱི་བྱེད་ཐབས་ནི་ཁྲའོ་ཞན་དང་ཨ་མེ་རི་ཁའི་སིང་ག་ཕོར་གྲོས་མོལ་གྱི་ཐུན་མོང་ལྟ་ཚུལ་ལས་ཡོངས་སུ་བཀག་ཡོད་པ་དང་། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱིས་ཐེངས་མང་བོར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་ནི་དགེ་བའི་ལན་དུ་སྡིག་པའི་ལས་བསགས་པའི་ངོ་ལོག་གི་བྱ་སྤྱོད་ཅིག་རེད་ཟེར། 

མགྲིན་ཚབ་པ་དེས་བསྟན་དོན། ཁྲའོ་ཞན་གྱིས་གསལ་བོར་བསྟན་དོན། ཨ་མེ་རི་ཁ་དང་ཧན་གོས་སྤེལ་རྩིས་ཡོད་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཛ་དྲག་ཏུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་སྲིད་པ་ལྡོག་མེད་ཡིན་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད་བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར། ཡིན་ཡང་ཨ་མེ་རི་ཁ་དང་ཧན་གོས་ཁྲའོ་ཞན་གྱིས་ཉེན་བརྡ་བཏང་བ་སྣང་མེད་དུ་བསྐྱུར་ནས་སྔར་བཞིན་གནད་འགག་གི་དུས་སྐབས་སུ་ཁྲའོ་ཞན་དགྲར་འཛིན་པའི་དམག་དོན་སྦྱོང་བརྡར་དེ་འདྲ་སྤེལ་རྒྱུ་ཐག་བཅད་པ་རེད། དེ་ལས་ཁྲའོ་ཞན་མི་དམངས་ལ་ཁོང་ཁྲོ་སྔར་ལས་ཆེན་པོ་བསླངས་པ་དང་ཁྲའོ་ཞན་གྱི་བཟོད་བསྲན་ལ་འགྲན་སློང་བྱས་པ་རེད་ཟེར། 

མགྲིན་ཚབ་པ་དེས་ད་རུང་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་གྱི་དུས་བཅད་ལྟར། ཨ་མེ་རི་ཁས་སེམས་ཁུར་བྱེད་པའི་བྱ་སྤྱོད་མང་བོ་ཞིག་མཚམས་བཞག་པ་དང་། རང་ནུས་ཅི་ལྕོགས་ཀྱིས་ཀུན་མཐུན་གྱི་བྱེད་ཐབས་ལག་བསྟར་བྱས་ཀྱང་། ཨ་མེ་རི་ཁས་སྔོན་ཆད་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སོགས་དགྲར་འཛིན་གྱི་དམག་དོན་འགུལ་སྐྱོད་ཡང་ཡང་སྤེལ་བ་རེད། བྱེད་ཐབས་དེ་དག་ནི་དགེ་བའི་ལན་དུ་སྡིག་པའི་ལས་བསགས་པའི་ངོ་ལོག་གི་བྱ་སྤྱོད་ཅིག་རེད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།