ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་ཀྱང་ཐག་གཅོད་ཇུས་གཞི་འདོན་དགོས་པའི་ཚུལ་བསྟན། 
2019.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡིས་སྐོར་ཞིབ་གཞུང་ཚབ་ཆེན་མོ་ཅིན་མེན་ཅི་ཡིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་གྲོས་མོལ་སླར་གསོ་བྱེད་འདོད་ཡོད་ཀྱང་། ཨ་མེ་རི་ཁས་ཁྲའོ་ཞན་ཡིད་ཚིམས་པའི་ཐག་གཅོད་ཇུས་གཞི་འདོན་དགོས་པ་ལས། གཙོ་བོར་གཞོལ་ནས་དུས་ཚོད་འགོར་འགྱངས་བྱེད་མི་རུང་ཟེར། 

ཅིན་མེན་ཅི་ཡིས་བཤད་རྒྱུར། ཉེ་སྔོན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་པུས་ཀིན་གྱིས་རྒྱལ་ཁབ་གཞན་པར་བརྡ་བཏང་སྟེ། ཁྲའོ་ཞན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཟླ་བཅུ་གཉིས་པའི་ནང་གྲོས་མོལ་སླར་གསོ་བྱ་དགོས་པའི་རེ་བ་བཏོན། གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་ཐུབ་ན། ཁྲའོ་ཞན་གྱིས་ཡུལ་དུས་ངེས་མེད་དུ་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་ཀྱང་། ཁྲའོ་ཞན་ཕྱོགས་ཟླ་བཅུ་བའི་ཟླ་མགོའི་སུའེ་ཏེན་ནས་སྤེལ་བའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་དེ་ལྟ་བུར་སྤྲོ་བ་ཅི་ཡང་མེད་ཟེར། 

ཅིན་མེན་ཅི་ཡིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་ཁྲའོ་ཞན་གྱི་འཚོ་སྡོད་དབང་ཆ་དང་འཕེལ་རྒྱས་དབང་ཆར་གཏོར་བརླག་གཏོང་བའི་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་རྩིས་མེད་དུ་མ་བཏང་བར། འཐབ་འཁྲུག་མཚམས་འཇོག་པའི་བསྒྲགས་གཏམ་དང་འབྲེལ་གཏུག་དོན་གཅོད་ཁྲུའུ་འཛུགས་པ་སོགས་གནད་དོན་ཕལ་བར་བརྟེན་ནས་ཁྲའོ་ཞན་གྲོས་མོལ་ལ་ཞུགས་སུ་འཇུག་འདོད་ན། གནད་དོན་དེ་ཐག་གཅོད་བྱེད་པའི་རེ་བ་གཏན་ནས་མེད་ཟེར། 

ཉེ་བའི་ཉིན་འགའི་རིང་ལ། ཁྲའོ་ཞན་གྱིས་ཐེངས་མང་བོར་ཨ་མེ་རི་ཁར་བརྡ་བཏང་སྟེ། ཨ་མེ་རི་ཁས་ད་ལོའི་ལོ་མཇུག་གི་སྔོན་ལ་ཁྲའོ་ཞན་ཡིད་ཚིམས་པའི་ཐག་གཅོད་ཇུས་གཞི་ཞིག་འདོན་དགོས་པའི་སྐུལ་མ་བཏང་བ་དང་། ཨ་མེ་རི་ཁས་འགྲོ་ཐབས་འདུག་ཐབས་ཀྱིས་མགོ་སྐོར་གཏོང་བའི་བསམ་ཚུལ་ཡོད་མི་རུང་བའི་ཉེན་བརྡ་བཏང་། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།