དབྱི་སི་རལ་དམག་ཕྱོགས་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། 
2019.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 116

དེ་ནི་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་ཅཱ་ཧྲ་མཁར་ནས་པར་དུ་བསྐྱོན་པའི་ཅཱ་ཧྲའི་གྲུ་ཁའི་རྣམ་པ་རེད། 

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན། ཅཱ་ཧྲ་ས་ཁུལ་གྱི་ཏའེ་ཨར་པེད་ལཱ་ཧི་ནས། ཕཱ་ལེ་སི་ཐན་མང་ཚོགས་ཀྱིས་བར་སྣང་འཇབ་རྒོལ་ཐེབས་རྗེས་ཀྱི་ཞིག་རོའི་ནང་འཚོལ་ཞིབ་བྱེད་བཞིན་པ། 

དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་ཕྱོགས་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་དང་བཅས་པའི་དྲག་ཆས་རྩ་འཛུགས་སོ་སོས་ཚེས་བཅུ་གསུམ་ཉིན་གྱི་ནམ་གུང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། 

ཨེ་ཅིབ་ཀྱི་དཔོན་པོ་ཞིག་གིས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེར་ཨེ་ཅིབ་ཀྱིས་བར་འདུམ་བྱས་ནས་བཀོད་པ་ཡིན་ཞིང་། ཅེ་ཧཱ་ཏི་དང་བཅས་པའི་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོའི་རྒྱབ་སྐྱོར་ཐོབ་ཡོད། ཅེ་ཧཱ་ཏི་ཡིས་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱེད་མཚམས་བཞག་སྟེ། ཅཱ་ཧྲ་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་ཞི་བདེའི་ངོ་བོ་ལྡན་པའི་ཁྲོམ་སྐོར་བྱ་འགུལ་སྤེལ་བར་ཁག་ཐེག་བྱེད་རྒྱུ་ཁས་ལེན་བྱས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བར་སྣང་འཇབ་རྒོལ་དང་དམིགས་འབེན་གཙང་སེལ་འགུལ་སྐྱོད་མཇུག་སྒྲིལ་བ་དང་། མཐའ་མཚམས་ས་ཁུལ་གྱི་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་མཁན་དག་དམར་གསོད་བྱེད་མཚམས་འཇོག་རྒྱུ་ཁས་ལེན་བྱས་ཡོད་ཟེར། 

བསྒྲགས་པ་ལྟར་ན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་ནུས་ལྡན་དུ་གྱུར་བ་ཡིན་ཡང་། དབྱི་སི་རལ་སྲིད་གཞུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་བཀོད་པ་བདེན་དཔང་བྱས་མེད། 

ཅེ་ཧཱ་ཏིའི་མགྲིན་ཚབ་པ་པུའུ་ལའེ་མུའུ་ཡིས་གསར་འགོད་པར་བདེན་དཔང་བྱས་དོན། ཨེ་ཅིབ་ཀྱི་བར་འདུམ་འོག་ཏུ། ཅེ་ཧཱ་ཏི་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། དབྱི་སི་རལ་གྱིས་གྲོས་མཐུན་ནུས་ལྡན་དུ་གྱུར་བ་ནས་བཟུང་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་བྱེད་མཚམས་འཇོག་པ་དང་། ཞོར་དུ་ཅེ་ཧཱ་ཏི་ཡིས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་མཚམས་འཇོག་རྒྱུ་རེད་ཟེར། པུའུ་ལའེ་མུའུ་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ལག་བསྟར་བྱས་པའི་ལྐོག་གསོད་འགུལ་སྐྱོད་མཚམས་བཞག་སྟེ། ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་ཕྱིར་ལྡོག་ཁྲོམ་སྐོར་བྱ་འགུལ་སྤེལ་མཁན་གྱི་བདེ་འཇགས་ལ་འགན་སྲུང་བྱ་དགོས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་དུས་ཡུན་རིང་བོའི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། 

གཞན་ཡང་ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་ཅཱ་ཧྲ་ས་ཁུལ་གྱི་མགྲིན་ཚབ་པ་ཁཱ་ཏི་ལཱ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོ་དང་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་སོ་སོར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་དང་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་མཁར་གྲོང་གཉིས་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།