ཁི་ཝེ་ཐིའི་ནེ་ཀི་ཡིས་ལས་ཁུར་དགོངས་ཞུ་བྱས། 
2019.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་ཅཱ་པུས་ཨར་གྱིས་ཚེས་བཅུ་བཞིའི་ཉིན་ཁི་ཝེ་ཐིའི་མགོ་ཁྲིད་པ་སཱ་པཱ་ཧི་ལ་ནེ་ཀིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱེད་པའི་སྙན་ཞུ་སྤྲད་པར་མ་ཟད་ཆོག་མཆན་ཐོབ། སཱ་པཱ་ཧི་ཡིས་ཅཱ་པུས་ཨར་ནེ་ཀི་ཡིས་སྲིད་གཞུང་གསར་བའི་རྩ་འཛུགས་བྱེད་རག་བར་དུ་མུ་མཐུད་དུ་བྲེལ་མྱུར་ལས་དོན་ཐག་གཅོད་བྱ་དགོས་པའི་རེ་བ་བཏོན། 

ཁི་ཝེ་ཐིའི་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། ཐེངས་འདིར་ཁི་ཝེ་ཐིའི་ནེ་ཀི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྐྱེན་ནི་ནེ་ཀིའི་ཁོངས་མི་འགའ་ལ་རྒྱལ་དམངས་གྲོས་ཁང་གི་འདྲི་གཅོད་ཐེབས་པས་རེད་ཟེར། 

བསྒྲགས་པ་ལྟར་ན། ཁི་ཝེ་ཐིའི་སྤྱི་བའི་བཟོ་སྐྲུན་བློན་ཆེན་དང་སྡོད་ཁང་ལས་དོན་བློན་ཆེན་གྱི་འགན་མཉམ་དུ་ཁུར་བའི་ལཱ་མཱ་ཏན་ལ་ཉེ་སྔོན་གྲོས་ཁང་གི་འདྲི་གཅོད་ཐེབས་པས་ལས་ཁུར་དགོངས་ཞུ་བྱས་པ་ཡིན་ཟེར། དེ་ལས་གཞན་ཁི་ཝེ་ཐི་རྒྱལ་དམངས་གྲོས་ཁང་གིས་ཚེས་བཅུ་གཉིས་ཉིན་དབུ་བཞུགས་བློན་ཆེན་གཞོན་པ་དང་ནང་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཅཱ་ལཱ་ལ་ཡིད་ཆེད་མེད་པའི་འདེམ་ཤོག་འཕེན་པའི་གྲོས་གཞི་བཏོན་ཡོད། 

དུས་ཡུན་རིང་བོར། ཁི་ཝེ་ཐིའི་ནེ་ཀི་དང་གྲོས་ཁང་གི་འབྲེལ་བ་ཛ་དྲག་ཡིན། ཁི་ཝེ་ཐིའི་རྒྱལ་དམངས་གྲོས་ཁང་གི་གྲོས་མིས་ཐེངས་མང་བོར་ནེ་ཀིའི་བློན་ཆེན་ལ་འདྲི་གཅོད་བྱས་པ་དང་། ནེ་ཀིས་ལས་ཁུར་དགོངས་ཞུ་བྱས་རྗེས་འབྲེལ་ཡོད་ཀྱི་འདྲི་གཅོད་བྱ་བ་རང་བཞིན་དུ་ནུས་མེད་དུ་འགྲོ་སྲིད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།