དབྱི་རག་གི་ས་ཁུལ་མང་བོ་ནས་ཡང་བསྐྱར་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་། 
2019.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དབྱི་རག་གི་ས་ཁུལ་མང་བོའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་དེ་ཉིན་འགའི་རིང་ཞི་འཇགས་སུ་སོང་རྗེས་ཡང་བསྐྱར་བྱུང་ཡོད་ཟེར། 

མིང་བཤད་མི་འདོད་པའི་དབྱི་རག་གི་ཉེན་རྟོག་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། རྔམ་སྟོན་ཁྲོམ་སྐོར་མཁན་མང་བོ་ཚེས་བཅོ་ལྔ་ཉིན་ཡང་བསྐྱར་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་གྲོང་ཁྱེར་ལྟེ་གནས་ཀྱི་བཅིངས་འགྲོལ་ཐང་ཆེན་དུ་འདུས། འགས་གཏོར་སྔོན་འགོག་ཉེན་རྟོག་པས་དུད་འཕྱུར་འགད་རྫས་སོགས་བེད་སྤྱོད་བྱས་ཏེ་སྲིད་གཞུང་ལས་ཁུངས་དང་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དུ་འཇབ་རྒོལ་བྱེད་རྩིས་ཡོད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་མཐར་སྐྲོད་བཏང་། རྔམ་སྟོན་ཁྲོམ་སྐོར་མཁན་དང་འགས་གཏོར་སྔོན་འགོག་ཉེན་རྟོག་པས་ཉིན་དེར་པཱ་ཀ་ཏཱ་ནས་འཁྲུག་རྩོད་བྱས་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱི་དཔོན་པོ་དེས་བཤད་རྒྱུར། དབྱི་རག་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཞིང་ཆེན་མང་བོར་ཡང་ཉིན་དེར་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།