ཐུར་ཁེའི་དབྱི་སི་ཐན་པོར་ཞིང་ཆེན་གྱི་ཧྲིན་ཀྲང་གཞུང་སྒྲུབ་ཁང་གིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་ཐན་པོར་གྲོང་ཁྱེར་ནས་འཛིན་བཟུང་བྱས་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྲི་བཞི་དང་སྟོང་གཉིས་རང་གི་མངའ་ཁོངས་ནས་མཐར་སྐྲོད་གཏོང་རྒྱུ་ཡིན་ཟེར།
དབྱི་སི་ཐན་པོར་ཞིང་ཆེན་གྱི་ཧྲིན་ཀྲང་གཞུང་སྒྲུབ་ཁང་གིས་ཡིག་ཐོག་གི་གསལ་སྒྲོག་སྤེལ་ཏེ། ཟླ་བདུན་པའི་ཚེས་བཅུ་གཉིས་ཀྱི་ཚུན་ལ། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་བསྡོམས་པས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྲི་བཞི་དང་སྟོང་གཉིས་བརྒྱད་བརྒྱ་གྱ་བརྒྱད་འཛིན་བཟུང་བྱས་ཤིང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་དེ་དག་ཕྱིར་ལྡོག་ལྟེ་གནས་སོ་སོར་བསྐྱལ་ནས་རང་གི་མངའ་ཁོངས་ནས་མཐར་སྐྲོད་གཏོང་བར་སྒུག་ཡོད། བདེ་འཇགས་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་དབྱི་སི་ཐན་པོར་ནས་ཐོ་འགོད་བྱས་མེད་པའི་སི་རི་ཡཱའི་ཡུལ་གྱར་བ་སྟོང་དྲུག་དང་བཞི་བརྒྱ་བཅུ་དྲུག་འཛིན་བཟུང་བྱས་པ་དང་། ཁོ་ཚོ་ཐུར་ཁེའི་ནང་སྲིད་པུའུ་ཡི་ཞིང་ཆེན་འགའི་ངེས་གཏན་གྱི་གནས་སྐབས་བཀོད་སྒྲིག་བྱེད་ས་འགར་བསྐྱལ་ཡོད་ཟེར།
ཟླ་བདུན་པའི་ཚུན་ལ། དབྱི་སི་ཐན་པོར་གྲོང་ཁྱེར་གྱིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱས་པ་དང་། ཞོར་དུ་གྲོང་ཁྱེར་དེར་ཐོ་འགོད་བྱས་མེད་པའི་སི་རི་ཡཱའི་ཡུལ་གྱར་བ་དག་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་གྲོང་ཁྱེར་དེ་དང་འབྲལ་དགོས་པའི་རེ་བ་བཏོན། དེའི་རྗེས་སུ་ཡང་བསྐྱར་མཇུག་མཐའི་ཡུན་ཚད་དེ་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་བར་ཇེ་རིང་དུ་བཏང་ཡོད།
བསྟུད་མར་ལོ་མང་བོའི་རིང་གི་སི་རི་ཡཱའི་ནང་འཁྲུག་ལས་སི་རི་ཡཱའི་མི་མང་བོ་ཕྱིའི་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་པ་དང་། དེའི་ནང་ཐུར་ཁེ་ཡིས་སི་རི་ཡཱའི་ཡུལ་གྱར་བ་ས་ཡ་གསུམ་དང་འབུམ་དྲུག་ཙམ་བསྡུ་ལེན་བྱས་ཡོད། ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པོར་དུ་ཐོ་འགོད་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ་འབུམ་ལྔ་དང་ཁྲི་བཞི་ལྷག་ལས་བརྒལ་ཡོད་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།