ཝུའུ་ཁི་ལན་གྱི་དམག་དོན་མཛོད་ཁང་ཞིག་ལ་འགས་གཏོར་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར། 
2019.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཧཱ་ཨར་ཁི་ཧྥུའུ་ཀྲིག་གི་པཱ་ལཱ་ཁི་ལེ་ཡཱ་གྲོང་ཁྱེར་གྱི་དམག་དོན་མཛོད་ཁང་ཞིག་ལ་ཚེས་བཅོ་ལྔ་ཉིན་འགས་གཏོར་བྱུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག་ཡོད་ཟེར། 

ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། འགས་གཏོར་བྱུང་ས་ནི་ས་དེའི་མེ་སྒྱོགས་དམག་དཔུང་གི་རྟེན་གཞིའི་དམག་ཆས་མཛོད་ཁང་ཞིག་ཡིན་པ་དང་། ཝུའུ་ཁི་ལན་གྱི་བཟོ་སྐྲུན་དམག་དཔུང་གིས་སྐབས་ཐོག་དེར་འགད་གཏོར་སྒྲིག་ཆས་རྙིང་བ་སྐོར་ཞིག་གཏོར་ལེན་ཕྱིར་བསྡུ་བྱེད་བཞིན་ཡོད་ལ། མཇུག་མཐར་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་བ་རེད། འགས་གཏོར་དེ་ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀ་ནས་དུས་ཚོད་གསུམ་དང་སྐར་མ་བཅུ་གསུམ་བར་བྱུང་བ་རེད། བཟོ་སྐྲུན་དམག་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བཟོ་སྐྲུན་དམག་མི་ལྔར་རྨས་ཕོག་ཡོད། དེའི་ནང་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་ཉིན་དེར་བསྟན་དོན། མིག་སྔར་འགས་གཏོར་གནས་བབ་ལ་ཚོད་འཛིན་བྱུང་ཡོད་པ་དང་། ས་དེའི་སྡོད་དམངས་ཀྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་མི་སྲིད་ལ། འགས་གཏོར་བྱུང་བའི་བྱེ་བྲག་གི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར། 

འགས་གཏོར་བྱུང་རྗེས། ཝུའུ་ཁི་ལན་གྱི་ཙུང་ལི་ཀུང་ཆཱ་ལུའུ་ཁི་ཡིས་འདས་པོའི་ཁྱིམ་མིར་མྱ་ངན་ཞུས་པ་དང་འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་འགས་གཏོར་གྱི་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱ་དགོས་པའི་རེ་བ་བཏོན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།