ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཚེས་བཅུ་དྲུག་ཉིན་ཁཱ་པོར་ནས་ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཝང་ཡུས་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།
ཝང་ཡུས་ཀྱིས་ཉིན་དེར་ཅཱ་ནེ་ལ་རྒྱལ་ཡིག་སྤྲོད་སྐབས། ཅཱ་ནེ་ཡིས་སྤྲོ་སེམས་ཆེན་པོས་ཀྲུང་གོ་ནས་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་ཕྱིར་དྲན་བྱས། ཁོས་བསྟན་དོན། རང་ཉིད་ཀྱིས་ཀྲུང་གོའི་ས་ཕྱོགས་མང་བོར་འཚམས་འདྲི་བྱས་མྱོང་བ་དང་། གྲོགས་པོ་མང་བོ་ཡོད་པར་མ་ཟད། ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་ཟབ་མོ་ཡོད། ཉིས་སྟོང་བཅུ་བཞིའི་ལོར་ཁོ་ཨ་ཧྥུའུ་ཧན་གྱི་མགོ་ཁྲིད་པའི་ཚུལ་དུ་ཡང་བསྐྱར་ཀྲུང་གོར་འཚམས་འདྲི་བྱས་ཏེ། པེ་ཅིང་ནས་ཐེན་ཅིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་མྱུར་ཚད་ཉམས་སུ་མྱོང་བ་དང་། སྐྱེ་ཁམས་གྲོང་ཁྱེར་འཛུགས་སྐྲུན་ལ་ལྟ་སྐོར་བྱས། ཀྲུང་གོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་འབྱུང་བཞིན་ཡོད་པར་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོད་ཟེར།
ཝང་ཡུས་ཀྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥུའུ་ཧན་གྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཡིད་ཆེས་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཨ་ཧྥུའུ་ཧན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་པར་མ་ཟད། ཨ་ཧྥུའུ་ཧན་གྱི་ཞི་བདེའི་བསྐྱར་འཛུགས་བྱ་བར་རྒྱབ་སྐྱོར་བྱ་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།