​ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ལ་དམ་བཅའ་བཞག་སྟེ་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྩིས་བྱས་པ་ཁས་ལེན་མ་བྱས།
2019.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་བདུན་ཉིན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་ཆེད་དུ་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ལ་དམ་བཅའ་བྱས་པའི་བརྗོད་ཚུལ་དེ་ཁས་ལེན་མ་བྱས། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ནེ་ཀིའི་རྒྱུན་ལྡན་གྱི་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་ཁས་ལེན་དམ་བཅའ་གང་རུང་བྱས་ཏེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྩིས་བྱས་མེད་ཅིང་། དབྱི་སི་རལ་གྱིས་དགྲ་བོར་ཆམ་ཕབ་གཏོང་བའི་བདེ་འཇགས་སྲིད་ཇུས་ལ་འགྱུར་ལྡོག་སྤུ་ཙམ་ཡང་འབྱུང་མི་སྲིད་པ་དང་། བྱེད་ཐབས་གང་རུང་སྤྱད་དེ་འཇིགས་ཉེན་གང་རུང་ལ་ཆམ་ཕབ་གཏོང་བ་རྒྱུན་འཁྱོངས་བྱེད་སྲིད་ཟེར། 

ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་སྐོར་ཐེངས་གསར་བའི་ཆམ་ཕབ་འགུལ་སྐྱོད་གྱི་དམིགས་འབེན་ཡོངས་སུ་མངོན་འགྱུར་བྱུང་བ་དང་། ང་ཚོས་རང་དབང་གི་འགུལ་སྐྱོད་སྲུང་འཛིན་བྱས་ཏེ། ང་ཚོའི་མི་ལ་གནོད་པ་གཏོང་རྩིས་ཡོད་པའི་གཡོ་ཇུས་གང་རུང་ལ་ཆམ་ཕབ་གཏོང་དགོས། དབྱི་སི་རལ་གྱིས་གནས་ཚུལ་གང་རུང་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། ཅེ་ཧཱ་ཏི་ཡིས་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་ནི་དབྱི་སི་རལ་གྱིས་འབྲེལ་ཡོད་ཁས་ལེན་དམ་བཅའ་རྨང་གཞིར་བྱ་དགོས་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།