ཨེ་ཅིབ་ཀྱིས་མཛད་སྒོ་སྤེལ་ཏེ་སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོར་སྐྱེལ་འདྲེན་བྱ་བ་སྤེལ་ནས་ལོ་ངོ་བརྒྱ་དང་ལྔ་བཅུ་འགོར་བར་རྟེན་འབྲེལ་ཞུས།
2019.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨེ་ཅིབ་ཀྱི་སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོའི་དོ་དམ་ཅུའུ་ཡིས་ཚེས་བཅུ་བདུན་ཉིན་ཨེ་ཅིབ་བྱང་ཤར་ཕྱོགས་ཀྱི་དབྱི་སི་མེ་ལེ་ཡཱ་ཞིང་ཆེན་དུ་མཛད་སྒོ་སྤེལ་ཏེ། སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོར་སྐྱེལ་འདྲེན་བྱ་བ་སྤེལ་ནས་ལོ་ངོ་བརྒྱ་དང་ལྔ་བཅུ་འགོར་བར་རྟེན་འབྲེལ་ཞུས། ཨེ་ཅིབ་ཀྱི་རིག་དངོས་པུའུ་ཀྲང་དང་། ཨེ་ཅིབ་ཏུ་སྡོད་པའི་ཧྥ་རན་སི་དང་ཕཱ་ནཱ་མཱའི་གཞུང་ཚབ་ཆེན་མོ། གཙང་བོའི་སྐྱེལ་འདྲེན་ལས་རིགས་ཀྱི་མི་སྣ་སོགས་མི་བརྒྱ་ལྷག་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས། 

སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོའི་དོ་དམ་ཅུའུ་ཡི་ཀྲུའུ་ཞི་ལཱ་པུས་ཀྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། གཙང་བོར་སྐྱེལ་འདྲེན་བྱ་བ་སྤེལ་ནས་ལོ་ངོ་བརྒྱ་དང་ལྔ་བཅུ་འགོར་བའི་རིང་ལ། གྲུ་གཟིངས་ས་ཡ་གཅིག་དང་འབུམ་གསུམ་ལྷག་སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོ་བརྒྱུད་མྱོང་བ་དང་། དངོས་ཟོང་ཏུན་ཐེར་ཆེན་གཉིས་དང་ཐེར་འབུམ་བརྒྱད་དུང་ཕྱུར་དྲུག་ལྷག་སྐྱེལ་འདྲེན་བྱས་ཏེ། ཨེ་ཅིབ་ལ་ནོར་སྲིད་ཀྱི་ཡོང་འབབ་མེ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་ཐེར་འབུམ་ལྔ་དུང་ཕྱུར་དགུ་བསྐྲུན་ཡོད། མིག་སྔར་སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོའི་དངོས་ཟོང་འཁོར་སྒམ་གྱི་སྐྱེལ་འདྲེན་ཚད་ཀྱིས་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་ལྔ་ཟིན་ཡོད། འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་བཅུ་ཙམ་གྱི་མཚོ་ཐོག་ཉོ་ཚོང་སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོ་བརྒྱུད་དགོས་པ་རེད་ཟེར། 

ཁོས་མཚམས་སྦྱོར་བྱས་དོན། མ་འོངས་པར་སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོའི་དོ་དམ་ཅུའུ་ཡིས་མུ་མཐུད་དུ་སྲིད་འཛིན་ལས་ཁུངས་ཀྱི་བཅོས་བསྒྱུར་སྤེལ་བ་དང་། ཞོར་དུ་སྒུག་ས་རྒྱ་བསྐྱེད་པ་དང་འདམ་གསེག་ལེན་པའི་གྲུ་གཟིངས་ཁ་སྣོན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞབས་ཞུ་ལེགས་བཅོས་བྱས་ཏེ་མིའི་བཟོས་གཙང་བོའི་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན། དེ་ལས་གཞན་དོ་དམ་ཅུའུ་ཡིས་ད་རུང་མིའི་བཟོས་གཙང་བོའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཤིང་། དོ་དམ་ཅུའུ་ཡི་སྔོན་ཆད་ཀྱི་སྲིད་འཛིན་ཐོག་ཁང་ཆེན་མོར་བཅོས་བསྒྱུར་བྱས་པའི་སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོའི་རྟེན་མཛོད་ཁང་དེ་ཚོད་དཔག་བྱས་ན་ཉིས་སྟོང་ཉི་ཤུ་ལོའི་དུས་ཚིགས་དང་པོར་སྒོ་འབྱེད་ཐུབ་ངེས་རེད་ཟེར། 

དུས་ཡུན་རིང་བོར། སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོའི་ཡོང་འབབ་ནི་ཨེ་ཅིབ་རྒྱལ་དམངས་ཡོང་འབབ་དང་ཕྱི་དངུལ་གསོག་འཇོག་གི་ཡོང་ཁུངས་གཙོ་བོ་ཞིག་ཡིན་ཞིང་། རྡོ་སྣུམ་གྱི་ཡོང་འབབ་དང་གནས་སྐོར་ལས་རིགས་ཀྱི་ཡོང་འབབ། ཕྱི་དངུལ་བསྡུ་རུབ་བཅས་ནི་ཨེ་ཅིབ་ཀྱི་དཔལ་འབྱོར་ཐད་ཀྱི་ཀ་བ་ཆེན་པོ་བཞིར་གྱུར་ཡོད། ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར། སུའུ་དབྱེ་ཧྲི་མིའི་བཟོས་གཙང་བོ་ཡིས་ཨེ་ཅིབ་ལ་ནོར་སྲིད་ཀྱི་ཡོང་འབབ་མེ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་དགུ་གསར་བསྐྲུན་བྱས་ཏེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་བསླེབ་ཡོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།