​མའོ་ལོ་ཀི་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འབྲེལ་བ་ཡོད་པའི་འབྲེལ་གཏུག་མི་སྣ་གཉིས་འཛིན་བཟུང་བྱས།
2019.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་ཚེས་བཅུ་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་རྟོག་ཞིབ་ཅུའུ་ཡིས་ཉིན་དེར་རྒྱལ་ས་ལཱ་པཱ་ཐི་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་འབྲེལ་གཏུག་མི་སྣ་གཉིས་འཛིན་བཟུང་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། འཛིན་བཟུང་བྱས་པའི་སྐྱེས་པ་དེ་གཉིས་ནི་སོ་སོར་ལོ་སུམ་ཅུ་དང་ལོ་སོ་བཞི་ཡིན་པ་དང་། ལཱ་པཱ་ཐིའི་ཉེ་འདབས་སུ་འགུལ་སྐྱོད་བྱེད་བཞིན་ཡོད། རྟོག་ཞིབ་བྱས་པ་ལས་མངོན་པ་ལྟར་ན། སྐྱེས་པ་དེ་གཉིས་ལ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་བསམ་བློའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་དང་། མའོ་ལོ་ཀིའི་མངའ་ཁོངས་སུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བའི་འཆར་གཞི་ཡོད་པ་རེད། མའོ་ལོ་ཀིའི་ཁྲིམས་འཛིན་སྡེ་ཁག་གིས་གྱོད་དོན་དེར་ཞིབ་ཏུ་རྟོག་དཔྱོད་བྱེད་བཞིན་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འཛིན་བཟུང་འགུལ་སྐྱོད་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་འཐུས་ཚབ་ཏུ་གྱུར་བའི་འཇིགས་སྐུལ་འཇིགས་ཉེན་སྔར་བཞིན་གནས་ཡོད་པ་གསལ་བཤད་བྱས་པ་དང་། ཐལ་སྤྱོད་རྩ་འཛུགས་དེར་སི་རི་ཡཱ་དང་དབྱི་རག་གི་འཐབ་ཁུལ་ནས་ཕམ་ཉེས་བྱུང་རྗེས། དེའི་རྗེས་འཇུག་པ་དག་གིས་ས་ཁུལ་སོ་སོར་འཁོན་ལན་སློག་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བར་འཆར་འགོད་བྱེད་བཞིན་ཡོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།