ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཧན་གོའི་གྲུ་གཟིངས་ཤིག་བཀག་འཇོག་བྱས། 
2019.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་བཅོ་བརྒྱད་ཉིན་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་མཚོ་དམར་མཚོ་ཁོངས་ནས་ཧན་གོའི་གྲུ་གཟིངས་ཤིག་བཀག་འཇོག་བྱས་པ་དང་། ཡེ་མིན་སྲིད་གཞུང་གིས་དོན་དེར་རྒོལ་གཏམ་དྲག་པོ་བཏང་། 

ཡེ་མིན་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཧུའུ་སེ་དྲག་ཆས་པས་ཉིན་དེའི་ཞོགས་པར་ཡེ་མིན་ནུབ་ཕྱོགས་ཀྱི་མཚོ་དམར་མཚོ་ཁོངས་ཀྱི་ཁཱ་མཱ་ལན་གླིང་ཕྲན་ཉེ་འདབས་སུ་ཧན་གོའི་ཚོང་དོན་གྲུ་གཟིངས་ཤིག་དང་མཉམ་དུ་བགྲོད་པའི་གྲུ་གཟིངས་ཆུང་བ་གཉིས་བཀག་འཇོག་བྱས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། བྱ་སྤྱོད་དེས་མཚོ་དམར་ལྷོ་ངོས་མཚོ་ཁོངས་ཀྱི་རྒྱལ་སྤྱིའི་མཚོ་འགྲུལ་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་ཐེབས་ཡོད་པས། ཡེ་མིན་སྲིད་གཞུང་གིས་དོན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། 

ཡེ་མིན་གྱི་ཕྱི་འབྲེལ་བློན་ཆེན་ཧཱ་ཏི་ལཱ་མུས་ཀྱིས་ཉིན་དེར་དོན་དེའི་ཐད་ནས་ཡེ་མིན་དུ་སྡོད་པའི་ཧན་གོའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཧུའུ་སེ་དྲག་ཆས་པའི་དཀྲུག་འཕེན་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྩ་བ་ནས་འགལ་ཡོད་པ་དང་། མཚོ་དམར་ས་ཁོངས་ཀྱི་རྒྱལ་སྤྱིའི་མཚོ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་བཟོས་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དེར་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཧུའུ་སེ་དྲག་ཆས་པས་བཀག་འཇོག་བྱས་པའི་གྲུ་གཟིངས་དང་གྲུ་བ་ཚང་མ་མྱུར་དུ་ཕྱིར་གཏོང་དགོས་པའི་རེ་བ་བཏོན། 

ཡེ་མིན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། བཀག་འཇོག་བྱས་པའི་ཧན་གོའི་གྲུ་གཟིངས་སྟེང་དུ་གྲུ་བ་ཉེར་བརྒྱད་ཡོད་པ་དང་། མང་ཆེ་བས་ཧན་གོའི་ལམ་ཡིག་བཟུང་ཡོད། གྲུ་གཟིངས་དེས་གཙོ་བོ་ཁུང་བརྟོལ་སྒྲིག་ཆས་དྲུད་ཡོད་པ་དང་། དོན་རྐྱེན་བྱུང་བའི་སྐབས་སུ་དངོས་ཟོང་དག་ཁཱ་མཱ་ལན་གླིང་ཕྲན་དུ་ཕོགས་བཞིན་ཡོད་ཟེར། 

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པ་ཧུའུ་སེ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་དྲག་ཆས་རྩ་འཛུགས་དེས་ཧན་གོའི་གྲུ་གཟིངས་བཀག་འཇོག་བྱས་པའི་གནད་དོན་དེ་བདེན་དཔང་བྱས། ཁོས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པའི་བྱ་སྤྱོད་དེ་ནི་གྲུ་གཟིངས་དེ་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་དུ་གཏོགས་མིན་ལ་དཔྱད་ཞིབ་བྱེད་པའི་ཆེད་ཙམ་ཡིན། གལ་ཏེ་གྲུ་གཟིངས་དེ་དངོས་གནས་ཧན་གོའི་ཡིན་ན། ཧུའུ་སེ་དྲག་ཆས་པས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་འགྲོ་ལུགས་ཡོངས་འགྲུབ་བྱས་རྗེས་བགྲོད་དུ་འཇུག་ངེས་ཡིན་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།