ཡེ་མིན་གྱི་ཙུང་ལི་ཕྱིར་ཡཱ་ཏེན་དུ་ལོག་ནས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པར་གྲ་སྒྲིག་བྱས། 
2019.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཡེ་མིན་གྱི་ཙུང་ལི་ཨ་པུའུ་ཏུའུ་ལེ་མཱ་ལེ་ཁི་ཉིན་དེར་སོ་ཏི་ཨ་རབ་ནས་ཕྱིར་ཡེ་མིན་གྱི་གནས་སྐབས་རྒྱལ་ས་ཡཱ་ཏེན་དུ་ལོག་སྟེ། ཡེ་མིན་གྱི་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དུས་སྔོན་གྱི་གྲ་སྒྲིག་བྱ་བ་བསྒྲུབ་བཞིན་ཡོད། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཨ་པུའུ་ཏུའུ་ལེ་མཱ་ལེ་ཁི་དང་པུའུ་ཀྲང་འགའ་འདུས་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་གནམ་གྲུར་བསྡད་དེ་ཕྱིར་ཡཱ་ཏེན་དུ་ལོག དེ་ནི་དེའི་སྔོན་བཀོད་པའི་གྲོས་མཐུན་དངོས་འབེབ་བྱེད་པའི་ཆེད་དུ་རེད། ཁོ་ཚོ་ཡཱ་ཏེན་དུ་འབྱོར་རྗེས་མྱུར་དུ་གྲོང་ཁུལ་གྱི་ཙུང་ཐུང་བཞུགས་ཤག་ཏུ་སོང་སྟེ། སྲིད་གཞུང་གསར་བའི་རྩ་འཛུགས་ཀྱི་སྔོན་གྱི་གྲ་སྒྲིག་བྱ་བ་བསྒྲུབ་རྒྱུ་རེད་ཟེར། 

ཡཱ་ཏེན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ལས་བྱེད་མི་སྣས་གསར་འགོད་པར་བདེན་དཔང་བྱས་དོན། ཡེ་མིན་གྱི་ཙུང་ལི་དང་། གློག་འཕྲིན་དང་ནོར་སྲིད། མཐོ་རིམ་སློབ་གསོ། གློག་ཤུགས་བཅས་ཀྱི་པུའུ་ཀྲང་སོགས་དཔོན་རིགས་བསྡད་ཡོད་པའི་སོ་ཏི་ཨ་རབ་ཀྱི་གནམ་གྲུ་ཉིན་དེར་ཡཱ་ཏེན་གནམ་གྲུ་ཐང་དུ་བབས་ཟེར། 

ཡཱ་ཏེན་གནམ་གྲུ་ཐང་གི་ཉེ་འདབས་སུ་སྡོད་པའི་གྲོང་ཁྱེར་སྡོད་དམངས་དག་གིས་གསར་འགོད་པར་བཤད་རྒྱུར། གནམ་གྲུ་ཐང་གི་ཉེ་འཁོར་དུ་ཉིན་དེར་བདེ་སྲུང་བྱ་བར་ཤུགས་སྣོན་བྱས་ཡོད། ཁྲབ་ལྡན་འཁོར་ལོ་སྒྲིག་སྦྱོར་བྱས་པའི་བདེ་འཇགས་དམག་དཔུང་གིས་གནམ་གྲུ་ཐང་གི་ཉེ་འདབས་སུ་སྐོར་གཡེང་བྱེད་བཞིན་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།