ཨུ་རུ་སི་ཡིས་བཀག་འཇོག་བྱས་པའི་གྲུ་གཟིངས་ཕྱིར་ཝུའུ་ཁི་ལན་ལ་སྤྲད། 
2019.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཉིན་དེར་ན་ནིང་བཀག་འཇོག་བྱས་པའི་ཝུའུ་ཁི་ལན་མཚོ་དམག་གི་གྲུ་གཟིངས་གསུམ་པོ་ཕྱིར་ཝུའུ་ཁི་ལན་ལ་སྤྲད། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་ཁི་ཁྲུ་མཚོ་འགག་ནས་བཀག་འཇོག་བྱས་པའི་ཝུའུ་ཁི་ལན་མཚོ་དམག་གི་གྲུ་གཟིངས་ཕྱིར་སྤྲོད་པའི་སྐོར་གྱི་དཔྱད་བརྗོད་སྤེལ། དཔྱད་བརྗོད་ལས་བཤད་རྒྱུར། བཀག་འཇོག་བྱས་པའི་ཝུའུ་ཁི་ལན་གྱི་གྲུ་གཟིངས་དེ་ཁྲིམས་འགལ་གྱིས་ཨུ་རུ་སིའི་མཐའ་མཚམས་སུ་བརྒྱུད་པའི་ཉེས་དོན་ཞུ་གཏུག་གི་དངོས་དཔང་ཡིན། ཨུ་རུ་སིའི་གཙོ་གཉེར་དབང་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་ཀྱི་དགོས་ངེས་རྟོག་ཞིབ་ཡོངས་འགྲུབ་བྱས་པས། གྲུ་གཟིངས་དེ་དག་མུ་མཐུད་དུ་ཨུ་རུ་སིའི་ས་ཁུལ་དུ་བསྡད་ནས་རྟོག་ཞིབ་དང་ལེན་བྱེད་པའི་དགོས་པ་མེད། ཨུ་རུ་སིའི་ཕྱོགས་ཀྱིས་གྲུ་གཟིངས་དེ་དག་ཕྱིར་ཝུའུ་ཁི་ལན་ལ་སྤྲོད་རྒྱུ་ཡིན་ཟེར། 

གཞན་ཡང་ཝུའུ་ཁི་ལན་མཚོ་དམག་གི་གསར་འགྱུར་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་ཚེས་བཅོ་བརྒྱད་ཉིན་མཚོ་ནག་མཚོ་ཁོངས་ནས་ཝུའུ་ཁི་ལན་གྱི་མཚོ་དམག་ལ་བཀག་འཇོག་བྱས་པའི་གྲུ་གཟིངས་གསུམ་ཕྱིར་སྤྲད་པ་དང་། མིག་སྔར་གྲུ་གཟིངས་དེ་གསུམ་པོ་ཝུའུ་ཁི་ལན་གྱི་སྐམ་སའི་ཕྱོགས་སུ་བགྲོད་བཞིན་ཡོད་ཟེར། 

ཝུའུ་ཁི་ལན་རྒྱལ་སྤྱིའི་ཆབ་སྲིད་ཆེད་མཁས་པ་ཁུའུ་སཱ་ཡིས་བལྟས་ན། ཐེངས་འདིར་གྲུ་གཟིངས་ཕྱིར་སྤྲད་པ་ནི་ད་ལོའི་ཟླ་དགུ་བར་བཀག་འཇུག་བྱས་པའི་མི་སྣ་ཕྱིར་སྤྲད་པའི་རྗེས་མཐུད་བྱ་བ་ཡིན་པ་དང་། ཟླ་རྗེས་མར་ཕཱ་རེ་སི་ནས་སྤེལ་རྒྱུ་ཡིན་པའི་ནོའུ་མན་ཏིས་རྣམ་པའི་གྲོས་མོལ་ལ་སྣང་ཚུལ་བཟང་བོ་ཞིག་བསྐྲུན་པའི་ཆེད་དུ་ཡིན་པར་འདོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།