རྒྱ་གར་ནས་སྤྱི་སྤྱོད་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཐོ་བརྒྱབ་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར། 
2019.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

རྒྱ་གར་གྱི་ལཱ་ཅཱ་སི་ཐན་པང་གི་པུས་ཁཱ་ནེ་ཨར་ས་ཁུལ་དུ་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་སྤྱི་སྤྱོད་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་བརྒྱད་ལ་རྨས་ཕོག་ཡོད། 

བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་སྐབས་སུ། སྤྱི་སྤྱོད་རླངས་འཁོར་ཞིག་ལ་དངོས་སྐྱེལ་རླངས་འཁོར་ཞིག་གིས་ཐོ་བརྒྱབ་སྟེ། སྤྱི་སྤྱོད་རླངས་འཁོར་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། དོན་རྐྱེན་བྱུང་སའི་ཡུལ་དུ་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་ཟེར། 

ལམ་མི་བདེ་བ་དང་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བའི་སྒྲིག་འགལ་གྱི་ཁ་ལོ་བྱེད་ཐབས་དབང་གིས་རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། རྒྱ་གར་དུ་ལོ་རེར་འགྲིམ་འགྲུལ་དོན་རྐྱེན་ལས་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་གྱི་ཚེ་སྲོག་ཤོར་བཞིན་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།