ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་མཉམ་འབྲེལ་དམག་དཔུང་གི་གྱེན་འཕུར་གནམ་གྲུ་སར་ལྷུང་ནས་ཨ་མེ་རི་ཁའི་དམག་མི་གཉིས་རྐྱེན་ལམ་དུ་ཤོར། 
2019.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉི་ཤུའི་ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་དམག་མི་གཉིས་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་མཉམ་འབྲེལ་དམག་དཔུང་གི་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། 

ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་མཉམ་འབྲེལ་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། གྱེན་འཕུར་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཅིང་། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། གྱེན་འཕུར་གནམ་གྲུ་དེ་ནི་དགྲ་བོའི་མེ་ཤུགས་དབང་གིས་སར་ལྷུང་བ་མིན་ཟེར། ཡིན་ཡང་གསལ་སྒྲོག་ལས་དོན་རྐྱེན་དེའི་ནང་དོན་ཞིབ་ཏུ་གསལ་བོར་བརྗོད་མེད། 

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། རྩ་འཛུགས་དེའི་དྲག་ཆས་མི་སྣས་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་སྟེང་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ལུའུ་ཀི་ཨར་ཞིང་ཆེན་དུ་ཨ་མེ་རི་ཁའི་དམག་དཔུང་གི་ཆི་ནོའུ་ཁི་གྱེན་འཕུར་གནམ་གྲུ་ཞིག་སར་འཕངས་ཟེར། གྱེན་འཕུར་གནམ་གྲུ་དེས་སྐབས་ཐོག་དེར་ས་དེའི་ཐཱ་ལེ་པན་གྱི་གཡུལ་སར་འཇབ་རྒོལ་བྱེད་རྩིས་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།