ཀྲུང་གོ་དང་ཡོ་རོབ་གླིང་གི་གླེང་སྟེགས་སྐབས་དགུ་བ་པུའུ་ལུའུ་སེར་ནས་སྤེལ། 
2019.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཀྲུང་གོ་དང་ཡོ་རོབ་གླིང་གི་གླེང་སྟེགས་སྐབས་དགུ་བ་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་སྤེལ། ཀྲུང་གོ་དང་ཡོ་རོབ་གླིང་གི་སྲིད་ཚོང་རིག་གནས་བཅས་ལས་རིགས་སོ་སོའི་འཐུས་མིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་དང་། བརྒྱུད་གཅིག་ལམ་གཅིག་གི་མཉམ་ལས། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་སོགས་གྲོས་གཞི་མང་བོའི་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས། 

སྐབས་འདིའི་གླེང་སྟེགས་ནི་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་ཡོ་རོབ་གླིང་རིག་མཛོད་ཀྱི་ཡོ་རོབ་གླིང་གི་གྲོགས་པོ། ཀྲུང་གོའི་སྤྱི་བའི་ཕྱི་འབྲེལ་མཐུན་ཚོགས། ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་ཞིབ་འཇུག་ཁང་སོགས་ལས་ཁུངས་ཀྱིས་མཉམ་དུ་སྤེལ་བ་རེད། གླེང་སྟེགས་ཀྱི་བརྗོད་སྙིང་ནི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་ཐུན་མོང་ལྟ་ཚུལ་གཅིག་ཏུ་དྲིལ་དགོས་ཞེས་པ་དེ་རེད། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་ཨུ་ཡོན་ཧའོ་ཀིན་གྱིས་གླེང་སྟེགས་སྟེང་གཏམ་བཤད་སྤེལ་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་ནི་ཉོ་ཚོང་གནད་དོན་འཚོལ་ཞིབ་དང་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་རེ་འགའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་ཐད་ནས་གྲོགས་པོ་གལ་ཆེན་དུ་གྱུར་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་གིས་ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། འཛམ་གླིང་ཡོངས་ཀྱི་ཕྱོགས་མང་རིང་ལུགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་སོགས་ཐད་ཀྱི་འགྲན་རྩོད་ཐག་གཅོད་བྱ་དགོས། ཕྱོགས་གཉིས་ཀྱིས་འཛམ་གླིང་ཡོངས་ཀྱི་ཕྱོགས་མང་རིང་ལུགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་དང་བཅོས་བསྒྱུར་བྱེད་པར་ནུས་ཤུགས་འདོན་བཞིན་ཡོད་པ་ནི་དགའ་འོས་པའི་དོན་ཞིག་རེད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།